བདག་སྒྲ་བཤད་པ།༼ཁྲིད་གཞི།༽

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/04/19

རྨ་ལྷོ་ཁུལ་སློབ་གསོ་ཅུའུ། རྡོ་རྗེ།

གཅིག སྔོན་འགྲོའི་ཚད་འཇལ། 
       ༡ བདག་སྒྲ་ཅེས་པའི་དོན་ཅི། 
       ལན། བདག་པོ་སྟོན་བྱེད་ཀྱི་སྒྲ་ཅེས་པའི་དོན་ཡིན། 
       ༢ བདག་པོ་སྟོན་བྱེད་ཀྱི་སྒྲ་ལ་གང་དག་ཡོད་དམ། 
       ལན། པ་པོ་བ་བོ་མ་མོ་དང་ཅན་ལྡན་མཁན་རྣམས་ཡོད་དོ། 
       ༣ ཁྱོད་ཀྱིས་པ་པོ་སོགས་ལས་གང་རུང་ཞིག་བདག་པོ་སྟོན་པའི་དོན་ལ་འཇུག་པའི་དཔེར་བརྗོད་ཅིག་འཇོག་ཐུབ་བམ།
གཉིས། དམིགས་ཚད་གཏན་འཁེལ། 
       སློབ་ཐུན་འདིར་གཅོ་བོ་བདག་སྒྲའི་ཕྲད་ལ་གང་དག་ཡོད་པ་དང་ཕྲད་ཀྱི་འཇུག་ཚུལ་དང་། བདག་སྒྲ་དངོས་དང་ཕྱོགས་མཚུངས་དང་མིང་མཐའ་བཅས་ཀྱི་ཁྱད་པར། མིང་མཐའི་པ་བ་ཡིན་ཚད་བདག་སྒྲ་ལ་འཇུག་མིན་བཅས་ཀྱི་དོན་རྣམས་རྟོགས་དགོས།
 གསུམ། སློབ་ཚན་གྱི་དཀའ་གནད་དང་གཙོ་གནད། 
       གཙོ་གནད། བདག་སྒྲའི་ཕྲད་ཀྱི་འཇུག་ཚུལ་དང་། བདག་སྒྲ་དང་མིང་མཐའི་ཁྱད་པར། བདག་སྒྲ་དངོས་དང་ཕྱོགས་མཚུངས་ཀྱི་ཁྱད་པར་ངེས་པར་བྱེད་པ།དཀའ་གནད། བདག་སྒྲ་དང་མིང་མཐའ་གཉིས་ཀྱི་ཁྱད་པར་དང་། པ་པོ་གཉིས་སྦྱར་ཚད་ཕོ་དང་མ་མོ་གཉིས་སྦྱར་ཚད་མོ་ཡིན་པ་དང་མིང་མཐའི་ཅན་ལྡན་གཉིས་ཡིན་ཚད་བདག་སྒྲ་ཡིན་པའི་ངེས་པ་མེད་པའི་གནད་རྣམས་རྟོགས་པར་བྱེད་པ།
བཞི། ཚད་ཐོན་སློབ་སྟོན། 
       ༡ སྡོམ་ཚིག 
       པ་པོ་བ་བོ་མ་མོ་དང་།། ཅན་ལྡན་མཁན་རྣམས་བདག་པོའི་སྒྲ།། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། བདག་སྒྲ་ཡར་གྱུར་བ་དང་ནི།། ཆ་ལ་པ་ཉིད་སྦྱོར་བ་ལེགས།། མིང་མཐའི་པ་བའང་ཕལ་ཆེར་འདྲ།། མ་ནི་ངེས་མེད་སྐབས་དང་སྦྱར།།
       ༢ སུམ་ཅུ་བའི་རྩ་བར་བདག་སྒྲའི་དོན་ཅི་ལྟར་བསྟན་ཡོད་དམ། 
       ལན ། གང་མིང་གི་ནི་མ་མཐའ་ན།། པུ་ལིངྒ་ཡི་སྒྲ་མེད་པ།། དེ་ལ་པུ་ལིངྒ་སྦྱར་ན།། བདག་པོའི་སར་ནི་ཤེས་པར་བྱ།། ཞེས་པས་བསྟན་ཡོད་པ་སྟེ། དེ་ཡི་དོན་ནི་གང་ཡང་རུང་བའི་མིང་གི་མ་མཐའ་སྟེ་མིང་གི་མཐའ་མར་པུ་རུ་ཥ་སྐྱེས་པ་དང་། ལིངྒ་རྟགས་ཏེ་སྐྱེས་པའི་རྟགས་སམ་ཕོ་རྟགས་ཀྱི་ཡི་གེ་ཡི་སྒྲ་པ་བ་མ་པོ་བོ་སོགས་སྐྱེས་པའི་མིང་གིས་བཏགས་པའི་བདག་སྒྲ་མེད་པ་དེ་ལ། གསར་དུ་པུ་ལིངྒ་སྟེ་སྐྱེས་པའི་རྟགས་ཅན་གྱི་བདག་སྒྲ་སྦྱར་བ་ན། བདག་པོ་གང་ལ་དབང་བའམ་གང་ལ་ལྡན་པའི་ས་སྟེ་གཞི་ཡིན་པར་ཤེས་པར་བྱའོ་ཞེས་པའི་དོན་ཡིན། 
       ༣ ཅི་ཞིག་ལ་བདག་སྒྲ་ཟེར། 
       ལན། བདག་སྒྲ་ཞེས་པ་ནི་མིང་གི་མཐར་པ་པོ་བ་བོ་སོགས་ཀྱི་རྐྱེན་གསར་དུ་སྦྱར་བ་ལས་སྦྱར་བྱའི་མིང་དེ་དག་གི་རང་སྟེང་གི་དོན་དེ་མི་སྟོན་པར། མིང་དེ་ལྡན་གྱི་དངོས་པོའི་བདག་པོའམ། བྱ་བ་བྱེད་མཁན་ནམ། ཆོས་དེ་ལྡན་གྱི་གང་ཟག་ཅིག་སྟོན་པས་ན་དེ་ལྟར་བརྗོད་པ་ཡིན། 
       ༤ བདག་སྒྲའི་དངོས་བསྟན་གྱི་ཕྲད་དང་ཤུགས་བསྟན་གྱི་ཕྲད་གང་དག་ཡིན་ནམ། 
       ལན། ཐོན་མའི་ཞལ་ལུང་ལས། དབྱངས་ཅན་སྒྲ་མདོའི་ནང་ལ་ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་ལས། པུ་སྡེ་ཞེས་པ་དེ་ཨུ་ཏུའི་སྡེ་པ་ལ་གོ་བ་དང་། མིང་དེ་གཉིས་ནི་པ་སྡེ་ལ་གོ་བས། པ་སྡེ་ལས་བྱུང་བའི་པ་བ་མ་དང་ཤུགས་བསྟན་ན་རོ་སྦྱར་བ། པོ་བོ་མོ་དེ་དྲུག་ནི་བདག་པོའི་སྒྲ་རུ་ཤེས་པར་བྱའོ་ཞེས་གསུངས་པས། དངོས་བསྟན་གྱི་ཕྲད་པ་བ་མ་གསུམ་དང་ཤུགས་བསྟན་གྱི་ཕྲད་ན་རོ་སྦྱར་བ་པོ་བོ་མོ་གསུམ་ཡིན་ནོ།
       ༦མ་མོ་གཉིས་སྦྱར་ཚད་མོ་དང་པ་པོ་གཉིས་སྦྱར་ཚད་ཕོ་ལ་འཇུག་པ་ཡིན་ནམ། 
       ལན། མ་མོ་གཉིས་སྦྱར་ཚད་མོ་དང་པ་པོ་གཉིས་སྦྱར་ཚད་ཕོ་ལ་འཇུག་པའི་ངེས་པ་མེད་དེ། དཔེར་ན། བླ་མ། སློབ་མ། གོང་མ། སྣེ་མོ། བ་མོ། སྟོན་པ། ལས་བྱེད་པ། ཕྱུག་པོ་ལྟ་བུའོ། བཞི། ཚད་ཐོན་ཚད་འཇལ། 
       ༡ བདག་སྒྲའི་ཕྲད་ཀྱི་སྦྱོར་ཚུལ་གང་འདྲ་ཡིན། 
       ལན། ག་ད་བ་ས་ན་མ་དང་ད་དྲག་ཅན་གྱི་རྗེས་སུ པ་དང་པོ། ང་འ་ར་ལ་དང་མཐའ་མེད་ཅན་གྱི་རྗེས་སུ བ་དང་བོ། མིང་མཐའ་ངེས་པ་མེད་པར་སྐབས་ཐོབ་ཀྱིས་སྦྱར་ཆོག་པ མ་མོ་དང་ཅན་ལྡན་མཁན། 
       ༢ བདག་སྒྲ་དངོས་དང་ཕྱོགས་མཚུངས་ཀྱི་ཕྲད་གང་དག་ཡིན་ནམ། 
       ལན། བདག་སྒྲ་དངོས་ཀྱི་ཕྲད་ནི་པ་པོ་བ་བོ་མ་མོ་དྲུག་ཡིན་ལ། བདག་སྒྲ་ཕྱོགས་མཚུངས་ཀྱི་ཕྲད་ནི་ཅན་ལྡན་མཁན་རྣམས་ཡིན། 
       ༣ མིང་མཐའི་ཅན་ལྡན་ཡོད་ཚད་བདག་སྒྲ་ཡིན་ནམ། 
       ལན། མ་ཡིན་ཏེ། འོད་སྟོང་ཅན། བ་གམ་ཅན། མེ་ཏོག་འདབ་ལྡན། གངས་ཅན། ཟུང་ལྡན། ལྷ་ཁང་ཀ་བ་ཤིང་ལོ་ཅན་ལྟ་བུ་སོགས་བེམ་པོ་དང་མིང་མཐའ་ལ་འཇུག་པ་ཤིན་ཏུ་མང་ངོ།
       ༤ གཤམ་གསལ་དཔེ་བརྗོད་དག་ལས་བདག་སྒྲ་དང་མིང་མཐའ་གང་ཡིན་ངོས་འཛིན་དགོས། སོ་ནམ་པ། དར་བ། ཕྲ་མོ། འགྲུལ་བ། ཁྲེས་པོ། སློབ་མ། དཔལ་ལྡན། རྩེ་མོ་ཅན། རིལ་བོ། རྔ་མ། མེད་པོ། མ་མོ། གཡུང་མོ། འུག་པ། 
       བདག་སྒྲ་ཡིན་པ།  སོ་ནམ་པ། འགྲུལ་བ། སློབ་མ། དཔལ་ལྡན། མེད་པོ། གཡུང་མོ།       
       མིང་མཐའ་ཡིན་པ། དར་བ། ཕྲ་མོ། ཁྲེས་པོ། རིལ་བོ། རྩེ་མོ་ཅན། རྔ་མ། མ་མོ། འུག་པ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།