གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནི་རྨ་ཆུ་འགྲམ་རྒྱུད་ཀྱི་མར་ཁུ་ཐང་གྲོང་བརྡལ་དུ་ཆགས་ཤིང༌། རང་ཞིང་གི་སློབ་འབྲིང་ཁྲོད་དུ་གཞི་ཁྱོན་ཅུང་ཆེ་བའི་བོད་ཡིག་གཙོ་གཉེར་གྱི་བཅའ་སྡོད་སློབ་གྲྭ་ཞིག་ཡིན། སློབ་གྲྭ་འདི༡༩༧༩ལོར་གསར་དུ་བཙུགས་པ་ཡིན་ཞིང་ས་ངོས་གཞི་ཁྱོན་ལ་མུའུ༧༤ཡོད། དེ་ལས་བཟོ་སྐྲུན་རྒྱ་ཁྱོན་གྱིས་རྨིད་ངོས་སྙོམས་གྲུ་བཞི་མ༡༤༢༠༠ལྷག་ཟིན་ཡོད། མིག་སྔར་སློབ་གྲྭས་དམའ་འབྲིང་དང་མཐོ་འབྲིང་སྟེ་ལོ་རིམ་དྲུག་གི་འཛིན་གྲྭ་སུམ་ཅུ་བཙུགས་ཡོད་ལ། སློབ་མ་བསྡོམས་པས༡༩༠༨ཡོད་པ་དང༌། དེའི་ནང་དུ་བོད་རིགས༡༨༢༡ཡོད་པ་དེས་སློབ་མའི་གྲངས་འབོར་སྤྱིའི་༩༩.༡%ཟིན་པ་དང༌། ཧོས་རིགས་སློབ་མ༣༣ཡོད་པ་དང༌། དེས་སློབ་མའི་གྲངས་འབོར་སྤྱིའི་༢.༨%ཟིན། སློབ་མའི་འབྱུང་ཁུངས་ནི་རང་རྫོང་གི་ཞིང་གྲོང༡༢ཀྱི་དབུལ་བོའི་ཁྱིམ་ཚང་ནས་ཡོང་བའི་བོད་ཡིག་སློབ་ཆུང་གི་མཐར་ཕྱིན་སློབ་མ་དང༌། མཚོ་ལྷོ་དང༌། མཚོ་བྱང༌། ཞུན་ཧྭ། རེབ་གོང༌། རྩེ་ཁོག རྨ་ལྷོ་སོག་རྫོང༌། དཔའ་ལུང་སོགས་ཁུལ་དང་རྫོང་ཕྱི་ནས་ཡོང་བའི་བོད་རིགས་སློབ་མ་ཡིན། རྫོང་ཕྱིའི་སློབ་མས་སློབ་གྲྭ་ཡོངས་ཀྱི་༦%ཟིན་ཞིང༌། སློབ་ཡོན་སོགས་གྲོན་དངུལ་གྱི་ཐད་ནས་རྫོང་ནང་ཁུལ་གྱི་སློབ་མ་དང་འདྲ་བར་གཅིག་གྱུར་གྱིས་བསྡུ་རུབ་བྱེད་པ་ཡིན། སློབ་གྲྭ་སྤྱི་ལ་དགེ་རྒན་དང་ལས་བཟོ་བ་བསྡོམས་པས་༡༣༠ཡོད་ཅིང༌། བོད་དང་རྒྱ། ཧོས། ཟ་ལེར། ཧོར། སོག་པོ་བཅས་མི་རིགས་དྲུག་གིས་གྲུབ། དེའི་ནང་ཆེད་ལས་དགེ་རྒན༧༩ཡོད། ཤེས་ཡོན་ཚད་རིམ་གྱི་ཆ་ནས་བཤད་ན། སློབ་གྲྭ་ཆེན་མོའི་དངོས་གཞི་ཆུ་ཚད་ཅན༢༨དང༌། སློབ་གྲྭ་ཆེན་མོའི་ཆེད་སྦྱོང་ཅན༤༨དང༌། འབྲིང་རིམ་ཆེད་སྦྱོང་ཅན༣བཅསཡོད། དགེ་རྒན་ལས་ཐོབ་ཀྱི་ཆ་ནས་བཤད་ན། སློབ་འབྲིང་མཐོ་རིམ་དགེ་རྒན་མི༣དང༌། སློབ་འབྲིང་རིམ་པ་དང་པོའི་དགེ་རྒན༢༡དང་། སློབ་འབྲིང་རིམ་པ་གཉིས་པ་དང་གསུམ་པའི་དགེ་རྒན་བསྡོམས་པའི་མི༥༥ཡོད། སྤྱི་གཉེར་བ་དང་ཇ་མ་བསྡོམས་པའི་མི༢༨ཡོད། གཞན་ཡང་དབྱིན་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཕྱིར་ཞིང་ཆེན་རིམ་པར་ཡར་ཞུ་ཐེངས་མང་བྱས་རྗེས། སློབ་གསོའི་གྲོན་དངུལ་ཐད་དཀའ་ཁག་ཤིན་ཏུ་ཆེ་ནའང་ཁང་གླ་དང་ཟླ་ཕོག་སོགས་སྤྲད་དེ་ཅ་ན་ཏ་རྒྱལ་ཁབ་ཀྱི་དགེ་རྒན་གཉིས་གདན་དྲངས་ཏེ་དབྱིན་ཡིག་སློབ་ཁྲིད་གནང་བཞིན་ཡོད། སློབ་གྲྭར་ཏང་གི་རྩ་འཛུགས་བཙུགས་ཡོད་པ་མ་ཟད། ཐོན་དང་སློབ་གྲྭའི་བཟོ་ཚོགས། བུད་མེད་ཨུ་ཡོན་ཚོགས་པ། སློབ་མའི་ཚོགས་པ་སོགས་མང་ཚོགས་ཀྱི་རྩ་འཛུགས་ཀྱང་བཙུགས་ཡོད། འགོ་ཁྲིད་ཚོགས་པ་ལ་མིག་སྔར་སློབ་གཙོ་ཁང་དང་སློབ་སྟོན་ཁང༌། སྲིད་སྟོན་ཁང༌། སྤྱི་གཉེར་ཁང་བཅས་ཡོད་ལ། དེ་ཡང་སློབ་གཙོ་གཙོ་གཞོན་བཞི་དང་ཆེད་ལས་ཀྲི་པུའུ་ཧྲུའུ་ཅི་གཅིག ཁྲུའུ་རེ་ལ་གཙོ་འགན་པ་བཞི་རེ་དང༌། སློབ་དཔྱོད་ཁང་ལ་བོད་ཡིག་དང་རྒྱ་ཡིག རྩིས་རིག དངོས་ལུགས། རྫས་འགྱུར། ཆབ་སྲིད། ལོ་རྒྱུས། དབྱིན་ཡིག མཛེས་རྩལ་སྟེ་ཁག་བདུན་གྱིས་གྲུབ། སློབ་གྲྭས་ད་རག་བར་བསྡོམས་པས་དམའ་འབྲིང་སློབ་མ༤༩༧༠དང༌། མཐོ་འབྲིང་སློབ་མ༢༢༨༡དང་། ལས་རིགས་འཛིན་གྲྭའི་སློབ་མ་༡༦༠བསྡུས་པ་ལས་འབྲིང་རིམ་ཆེད་ལས་སློབ་གྲྭར་བསྡོམས་པས་སློབ་མ༧༨༧བསྐྱལ་བ་དང༌། དེས་དམའ་འབྲིང་མཐར་ཕྱིན་སློབ་མའི༢༢.༧%ཟིན། སློབ་གྲྭ་ཆེན་མོར་སློབ་མ་༡༠༡༥བསྐྱལ་ལ། དེས་མཐོ་འབྲིང་མཐར་ཕྱིན་སློབ་མའི་༦༦.༦%ཟིན། ༡༩༩༦ལོའི་ཚུན་གྱི་ལོ་ངོ་བརྒྱད་ཀྱི་རིང་ལ་སློབ་གྲྭ་འདིས་བསྟུད་མར་འབྲིང་རིམ་དང་མཐོ་རིམ་སློབ་གྲྭར་སློབ་མ་བསྐྱལ་ཚད་ཁུལ་ཡོངས་ཀྱི་ཨང་དང་པོ་བླངས་ལ། ལོ་འདི་འགའི་རིང་ལ་ཕུལ་བྱུང་སློབ་མ༩༠༠ལྷག་གིས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་དང་འབྲིང་རིམ་སློབ་གྲྭ་དག་ན་སློབ་གཉེར་བྱེད་པའི་སྒང་ཡིན། ལོ་ངོ་ཉེར་དྲུག་ལྷག་གི་རིང་ལ། གོང་རིམ་ཏང་སྲིད་སྡེ་ཁག་དང་སློབ་གསོ་སྲིད་འཛིན་སྡེ་ཁག་གི་ཡང་དག་པའི་དབུ་ཁྲིད་འོག་དང༌། སྤྱི་ཚོགས་ལས་ཡུལ་སོ་སོའི་ཤུགས་ཆེན་གྱི་རྒྱབ་སྐྱོར་དང་རོགས་རམ་གྱི་དྲིན་ལས། སློབ་གྲྭའི་བྱ་བའི་ལས་རིགས་སོ་སོ་སྤྱིར་བཏང་བདེ་བླག་གིས་ལེགས་འགྲུབ་བྱུང་ཞིང༌། སློབ་གྲྭ་སྒྲུབ་པའི་གཞི་རྒྱ་དང་རྣམ་པ་ཉིན་བཞིན་རྒྱ་བསྐྱེད་ཅིང་མཐུན་རྐྱེན་ཡང་ཇེ་ལེགས་སུ་བཏང་བར་བརྟེན། སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་བྱུང་ནས། སྤྱི་ཚོགས་ཐོག་གཟེངས་བསྟོད་དང་གདེང་འཇོག་ཚད་མཐོན་པོ་ཐོབ་ནས་སྔ་རྗེས་སུ་ཞིང་ཆེན་རིམ་པའི“གསུམ་སྐྱོང་ཅན”དང་“སྔོན་ཐོན་སྡེ་ཁག”“གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་སྔོན་ཐོན་སྡེ་ཁག”སོགས་ཀྱི་མཚན་སྙན་བླངས་ཡོད་ལ། རྫོང་དང་ཁུལ་རིམ་པའི“སློབ་གསོ་བྱ་བའི་སྔོན་ཐོན་སྡེ་ཁག”དང“ཚུལ་ལྡན་ལས་ཁུངས་”སོགས་མཚན་རྟགས་རྣམ་གྲངས་བཞི་བཅུ་ལྷག་ཐོབ་མྱོང༌། ཡིན་ནའང༌། སློབ་གྲྭ་འདིའི་གཞུང་སྒྲུབ་ཁང་དང་དགེ་རྒན་གྱི་སྡོད་ཁང༌། ཚོད་ལྟ་ཁང༌། དཔེ་མཛོད་ཁང་སོགས་རྟེན་གནས་ཕལ་ཆེ་བ་ནི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་གི་འཛུགས་སྐྲུན་གྱི་རྣམ་པར་ལུས་ཡོད་ལ། དེ་ཡང་སློབ་གྲྭ་ཐོག་མར་འཛུགས་དུས་ས་གནས་ནོར་སྲིད་ཀྱི་མ་དངུལ་ཉུང་བ་དང་འཆར་འགོད་པའི་བཀོད་རྩལ་དང་ཆུ་ཚད་ཞན་པས་བཟོ་རྩལ་དང་སྒྲིག་འགོད་ཐབས་ཆག་ཡིན་པའི་ཁར། ད་བར་དུ་ལོ་ངོ་བཅུ་ཕྲག་གཉིས་ཀྱི་བེད་སྤྱོད་བརྒྱུད་ཡོད་པས་བསྡོམས་པས་སྨི་ངོས་སྙོམས་གྲུ་བཞི་མ༤༣༧གྱི་ཁང་བར་ཁུལ་དང་རྫོང་གི་ཡོམ་འགོག་སྡེ་ཁག་གིས་གཟིགས་རྟོག་ནན་མོ་བརྒྱུད་དེ། ཉེན་ཁ་ཆེ་བའི་ཁང་བར་ངོས་འཛིན་ཐག་ཆོད་བྱས་པས་དགེ་རྒན་དང་ལས་བཟོ་བ་ཀུན་གྱི་བྱ་བའི་རྒྱུན་ཆགས་ལ་འཇིགས་སྣང་དང་བར་ཆད་མི་ཉུང་བ་བཟོས། དེར་བརྟེན། འདི་གའི་འགོ་ཁྲིད་པས་རྫོང་སྲིད་གཞུང་ཡན་གྱི་འབྲེལ་ཡོད་སྡེ་ཁག་ལ་ཐེངས་གཅིག་མིན་གཉིས་མིན་དུ་གནས་ཚུལ་ཡར་ཞུ་བྱས་ནས་མྱུར་དུ་ཐག་གཅོད་པའི་རེ་བ་བཏོན་མོད། གནས་སྐབས་སུ་དཔལ་འབྱོར་དང་བརྒྱུད་དངུལ་གྱི་ཐད་དུ་དཀའ་ཁག་ཆེན་པོ་ཡོད་པས་གཞུང་སྒྲུབ་ཐོག་ཁང་ཁོ་ན་ལ་བརྟན་ཙམ་བརྒྱབ་ནས་དགེ་རྒན་ཚོའི་ལས་ཀའི་བར་ཆད་དང་འཚོ་གནས་ཀྱི་འཇིགས་སྣང་སེལ་ཐབས་བྱེད་པ་ལས་ཐབས་གཞན་མ་མཆིས། ཉེ་ལམ་སློབ་མ་སྟོང་ཙམ་ཤོང་བའི་ཉལ་ཁང་ཐོག་བརྩེགས་ཅན་ཞིག་བཞེངས་ཡོད་ནའང༌། མིག་སྔའི་སློབ་གསོ་བཅོས་སྒྱུར་གྱི་རྣམ་པའི་འོག་ཏུ་སློབ་མའི་སྡུད་གྲངས་ཇེ་མང་དུ་སོང་བས་ཉལ་ཁང་གིས་མི་འདང་བར། ད་དུང་སློབ་མ་ལྔ་བརྒྱ་ལྷག་དེ་སྔའི“ཉེན་ཁང”དུ་གྱུར་བའི་ཉལ་ཁང་དུ་མི་འདུག་ཀ་མེད་བྱུང་ཡོད། སློབ་གྲྭའི་དཔེ་མཛོད་ཁང་ནི༡༩༨༡ལོར་གསར་དུ་སྐྲུན་ཞིང༌། བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་ངོས་སྙོམ་གྲུ་བཞི་མ༣༥༡ཡོད། ༡༩༨༠ལོའི་ཟླ༡༠པར་ཨུ་ཡོན་ཀྲང་གཞོན་པ་པན་ཆེན་སྐུ་ཕྲེང་བཅུ་བ་སྐུ་དངོས་སུ་ཕེབས ་ནས། ས་དེ་ག་ནས་མི་རིགས་སློབ་གསོའི་གསུང་བཤད་གལ་ཆེན་གནང་ཞིང༌། ས་གནས་ཀྱི་གནས་ཚུལ་ལ་གཞིགས་ནས་མ་དངུལ་གནང་སྦྱིན་བགྱིས་ཏེ་བསྐྲུན་པ་ཡིན། ནང་བརྟེན་གཙོ་བོར་སྲོང་བཙན་སྒམ་པོ་དང་ཐོན་མི་སོགས་ཀྱི་སྐུ་དང༌། བཀའ་བསྟན་འགྱུར་དང་ཡུམ་དུམ་པ་བཅུ་གཉིས་སོགས་ཡོད་ནའང་བཟོ་སྐྲུན་གྱི་རྒྱ་ཁྱོན་ཆུང་ཞིང་ཟུར་ལྟའི་དཔྱད་གཞི་ཉུང་བ་མ་ཟད། ད་ལྟའི་བར་དུ་ལོ་ངོ་ཉི་ཤུ་ལྷག་གི་ལོ་རྒྱུས་ལྡན་པས་ཞིག་རལ་དུ་གྱུར་ནས་ཉེན་ཁང་དུ་གྱུར་ཡོད་སྟབས། དགེ་སློབ་ཡོངས་ཀྱི་སློབ་ཕྱིའི་ལྟ་ཀློག་ཐད་དཀའ་ཁག་དང་བར་ཆད་མི་ཉུང་བ་བཟོས་ཏེ་བཀོལ་སྤྱོད་བྱེད་ཐབས་བྲལ་ཞིང༌། སློབ་གསོ་འཕེལ་རྒྱས་ཀྱི་གེགས་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཡུལ་གྲུ་ཧྲིལ་བོ་དབུལ་བོ་ཡིན་པའི་ཁར་བསྟུད་མར་ལོ་བཅུ་ལྷག་ལ་ཐན་སྐྱོན་བྱུང་བས་སློབ་མ་སྐོར་ཞིག་ལ་སློབ་རིན་དང་དཔེ་རིན་སོགས་སྤྲོད་རྒྱུ་མེད་པར་སློབ་གྲྭ་རང་ངོས་ནས་འགན་འཁྲི་བྱེད་དགོས་ནའང་སློབ་གསོའི་མ་དངུལ་གྱིས་ཆེ་ཆེར་མི་འདང་རྐྱེན་དགེ་སློབ་གསོ་སྐྱོང་གི་བྱ་བར་གེགས་རྒྱ་ཆེན་པོ་ཐེབས་བཞིན་ཡོད།
Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།