མཐོ་རིམ་སློབ་གྲྭའི་རྩིས་འཁོར་ཆེད་ལས་བསླབ་གཞི་ཞེས་པའི་དཔེ་ཚོགས་པར་སྐྲུན་བྱས་ཚར་བ།

སྤེལ་མཁན། Admin ཡོངས་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྡེབ་ཚད། སྤེལ་དུས། 12/01/05

མཐོ་རིམ་སློབ་གྲྭའི་རྩིས་འཁོར་ཆེད་ལས་བསླབ་གཞི་ཞེས་པའི་དཔེ་ཚོགས་པར་སྐྲུན་བྱས་ཚར་བ།

       བོད་ལྗོངས་སློབ་གྲྭ་ཆེན་མོའི་བཟོ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་གཞོན་པ་དབང་གྲགས་སྐྱབས་དང་བཀྲ་ཤིས་རྒྱལ་སོགས་ཀྱིས་སྒྲིག་སྒྱུར་བྱས་པའི་ 《མཐོ་རིམ་སློབ་གྲྭའི་རྩིས་འཁོར་ཆེད་ལས་བསླབ་གཞི》ཞེས་པའི་དཔེ་ཚོགས་པར་སྐྲུན་བྱས་ཚར་ལ་མི་འགྱངས་བར་ཚོང་རར་དགྲམ་རྒྱུ་རེད།
       སྒྲིག་སྒྱུར་པ་རྣམས་ཀྱིས་བོད་ཡིག་གི་ལམ་ནས་རྩིས་འཁོར་ཆེད་ལས་སྐོར་གྱི་གཞུང་ལུགས་སྤྱི་ཁོག་འཐུས་ཚང་ཞིག་ངོ་སྤྲོད་བྱས་པའི་དཔེ་ཚོགས་ད་བར་དུ་བྱུང་མེད་ཅིང་། ཐ་ན་བོད་ཁུལ་གྱི་སློབ་གྲྭ་ཆེན་མོ་དག་གིས་ཀྱང་བོད་ཡིག་གི་ལམ་ནས་རྩིས་འཁོར་ཆེད་ལས་ཀྱི་བསླབ་གཞི་འཛུགས་སྐྲུན་བྱས་མེད་པ་བཅས་ལ་དམིགས་ནས་ཐེངས་འདིའི་དཔེ་ཚོགས་འདི་སྒྱུར་རྩོམ་བྱ་བའི་ལས་ཁུར་དུ་བླངས་པ་རེད།
       དཔེ་ཚོགས་འདི་ནི་རྒྱ་ཡིག་གི་མ་དཔེ་བདམས་ནས་རྩོམ་སྒྱུར་བྱས་པ་ཡིན་ལ། སྒྲིག་སྒྱུར་པ་ཚོས་མིང་དུ་གྲགས་པའི་རྒྱལ་ནང་གི་བསླབ་གཞི་དག་ལས་ཕུལ་བྱུང་བསླབ་དེབ་དང་། ཚོང་རར་བཀྲམ་རྒྱུགས་ཆེ་བའི་བསླབ་དེབ་དག་གཞིར་བཟུང་སྟེ། 《རྩིས་འཁོར་རྨང་གཞིའི་ཤེས་བྱ》དང་། 《cསྐད་བརྡའི་བྱ་རིམ་ཇུས་འགོད》། 《གཞི་གྲངས་གྲུབ་གཞི》། 《རྩིས་འཁོར་བཀོལ་སྤྱོད་རྒྱུད་ཁོངས》། 《གཞི་གྲངས་མཛོད》དང་། 《རྩིས་འཁོར་དྲ་བ》བཅས་དེབ་དྲུག་པོ་དེ་བོད་ཡིག་ཏུ་རྩོམ་སྒྱུར་བྱས་པ་རེད།
       དཔེ་ཚོགས་འདིའི་ཁ་ཕྱོགས་ས་ནི་རྩིས་འཁོར་ཆེད་ལས་དང་། གློག་རྡུལ་འཕྲིན་གཏོང་ཆེད་ལས་སོགས་ཡིན། དེ་མིན་རྩིས་འཁོར་དང་འབྲེལ་བ་ཡོད་པའི་ཆེད་ལས་སོགས་ཀྱི་བསླབ་དེབ་དང་། རྩིས་འཁོར་ལ་སྤྲོ་བ་ཡོད་པ་རྣམས་ཀྱིས་ཟུར་ལྟའི་དཔེ་དེབ་ཀྱང་བྱས་ཆོག
       དཔེ་ཚོགས་འདིའི་ནང་དུ་རྩིས་འཁོར་ཆེད་ལས་ཀྱི་བརྡ་ཆད་དག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྐུ་ཞབས་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲུབ་གནངས་པའི་《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》དང་ཞིང་ལྗོངས་ལྔས་མཉམ་སྒྲུབ་བྱས་པའི་《རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས---རྩིས་འཁོར》ཚིག་མཛོད་ལ་བསྟུན་ཡོད། ཚིག་མཛོད་དུ་མེད་པའམ་གཅིག་གྱུར་བྱ་ཐབས་བྲལ་བའི་ཆེད་ལས་བརྡ་ཆད་དག་དམིགས་བཀར་གྱིས་སྒྲིག་སྒྱུར་པ་ཚོས་མཉམ་གྲོས་བྱས་ནས་གཏན་ལ་ཕབ་པ་དང་། དཔེ་ཚོགས་འདིར་བཀོལ་བའི་བརྡ་ཆད་གཙོ་བོ་དག་དཔེ་ཆའི་མཇུག་ཏུ་ཟུར་བཀོད་བྱས་པ་ཡོད་པ་རེད།

 

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།