སྨོན་ལམ་ཚིག་མཛོད་ལེགས་འགྲུབ་དང་འགྲེམས་སྤེལ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། མཆོད་མེ་དྲ་བ། རྡེབ་ཚད། སྤེལ་དུས། 10/11/16

སྨོན་ལམ་ཚིག་མཛོད་ལེགས་འགྲུབ་དང་འགྲེམས་སྤེལ།

        ཟླ་འདིའི་ཚེས་༡༤ ཉིན་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་གསར་སྐྲུན་འགྲེམས་སྤེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ཡོད་པ་དང་། ཚོགས་ཐོག་ཏུ་སྐུ་ཞབས་བློ་བཟང་སྨོན་ལམ་དང་། ཁོང་གི་ལས་རོགས་རྭ་རྒྱ་བློ་དབང་། སྐུ་ཞབས་ཀརྨ་སྨོན་ལམ་བཅས་ཕེབས་ཡོད་པ་རེད། ཚོགས་ཐོག་དེར་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚིག་མཛོད་ཀྱི་ཁྱད་ཆོས་དང་། བེད་སྤྱོད་གཏོང་ཕྱོགས། སྨོན་ལམ་བོད་ཡིག་༣.༡ བཅས་ཀྱི་སྐོར་ལ་ངོ་སྤྲོད་གསུང་བཤད་དང་སྦྲགས། ཚིག་མཛོད་དབུ་འབྱེད་མཛད་ཡོད་པ་རེད། སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་ནི། བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད། གསར་བྱུང་མིང་མཛོད་བཅས་སྡེ་ཚན་བཞིས་གྲུབ་ལ། མ་ཚིག་ཉིས་འབུམ་དང་། ཡིག་འབྲུ་ས་ཡ་དྲུག་ལས་བརྒལ་བའི་ཚིག་མཛོད་ཆེན་པོ་ཞིག་ཡིན་པ་དང་། ལས་མི་གཙོ་བོར། སྐུ་ཞབས་བློ་བཟང་སྨོན་ལམ་གྱིས་བཟོ་སྐྲུན་དང་འགན་ཁུར་གཙོ་བོར་གནང་ཞིང་། རྭ་རྒྱ་བློ་དབང་དང་ཐུབ་བསྟན་ཉི་མ་གཉིས་རྩོམ་སྒྲིག་པ་ཡིན་འདུག་པ་དང་། གཞན་ས་ར་མཐོ་སློབ་ཀྱི་རྒན་བསོད་ནམས་རྒྱལ་མཚན་སོགས་རོགས་འདེགས་བྱེད་པོ་མང་པོ་ཞིག་གིས་ཕྱར་གྲུ་མཉམ་འདེགས་ཀྱིས་གྲུབ་པ་ཞིག་ཡིན་འདུག གསར་འགོད་འདུ་འཛོམས་ཀྱི་ཚོགས་ཐོག་ཏུ་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པའི་ནང་དེ་སྔ་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་ཞབས་འདེགས་སུ་ལས་རིམ་ཅི་བསྒྲུབས་ཀྱི་གསལ་བཤད་གནང་དོན།
         རང་རེའི་མི་རིགས་ཀྱི་སྲོག་ཟུངས་ནི་བོད་ཀྱི་སྐད་ཡིག་གཉིས་ལས་མ་འདས་ཤིང་། སྐད་ཡིག་གི་སྤུས་ཚད་མཐོར་འདེགས་དང་། བེད་སྤྱོད་ཇེ་ཆེ། ཁྱབ་ཚད་ཇེ་རྒྱས་སུ་གཏོང་རྒྱུ་ནི་བོད་མི་རྣམས་ལ་ལོ་རྒྱུས་ཀྱིས་བསྩལ་བའི་འགན་འཁྲི་ལྡོག་དཀའ་བ་དེ་ལགས་པས། གུས་པ་རང་ཉིད་ཀྱང་མི་རིགས་འདིའི་བུ་ཕྲུག་ཅིག་ཏུ་སྐྱེས་པའི་རང་རྟགས་དང་། ད་ལྟའི་བར་ལུས་སེམས་གསོ་སྐྱོང་མཛད་པའི་དྲིན་ཅན་དག་ལ་དྲིན་གཟོ་ཙམ་དུ་དམིགས་ཏེ། སྔ་ཕྱིར་སྨོན་ལམ་བོད་ཡིག་དང་པོ་དང་། གཉིས་པ། གསུམ་པ། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་བཅས་བཟོ་སྐྲུན་འགྲེམས་སྤེལ་བྱས་ཟིན་པ་དང། བོད་ཀྱི་སྤྱི་ཚོགས་དང་བོད་ཡིག་བེད་སྤྱོད་བྱེད་པོ་དག་ལ་ཕན་ཐོགས་མི་དམན་པ་བྱུང་བ་མ་ཟད། སྤྱི་ཚོགས་ཐོག་བསྔགས་བརྗོད་དང་རྒྱབ་སྐྱོར་རམ་འདེགས་ཀྱི་དགོངས་ཚུལ་མང་དུ་བསྟན་པར་སྤྲོ་བས་བརྟས་ཡོད་ཅེས་གསལ་བ་མ་ཟད། སྨོན་ལམ་ཚིག་མཛོད་བཟོ་དགོས་པའི་རྒྱབ་ལྗོངས་དང་དམིགས་དོན་སྐོར་ནས་གླེང་རྒྱུར། དུས་ཀྱི་འགྱུར་བ་ཧ་ཅང་སྐྱེན་པའི་སྣང་ཚུལ་འོག་རང་རེའི་མི་རབས་གསར་པའི་འཁུར་དགོས་ངེས་ཀྱི་འགན་འཁྲི་མང་པོ་ཞིག་བདག་མེད་དུ་ལུས་ཡོད་ལ། སྐད་ཡིག་རིག་གནས་ཀྱི་དར་རྒུད་ཀྱང་བློ་འཚབ་སེམས་ངལ་སྐྱེ་བའི་རང་བཞིན་དུ་གནས་པ་དང་། ལྷག་པར་དུ་དེང་དུས་ལག་རྩལ་གྱི་ཐོན་འབྲས་ཁྲོད་ལྷག་པའི་རང་རེའི་སྐད་ཡིག་གི་སྟོང་ཆ་ནི་བསུབ་དཀའ་བའི་ཚད་དུ་ལྷུང་ཡོད་སྟབས། གུས་པས་རང་ནུས་འདོམས་འཇལ་གྱིས་སྟབས་བདེའི་ཁྱད་ཆོས་ལྡན་པའི་ཚིག་མཛོད་ཅིག་བཟོ་བའི་མགོ་བརྩམས་ཤིང་། ལོ་ངོ་ཧྲིལ་བོ་གཅིག་ལྷག་ལ་གཉིད་བཅགས་ཟས་བརྗེད་ཀྱི་ངལ་བ་བསྟུད་མར་བརྒྱུད་ད་ལྟ་ཡོངས་སུ་ལ

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།