ཁྱིམ་བདག་དང་ཁྱིམ་བདག་སློབ་གསོ་མེད་པའི་དེང་རབས།

སྤེལ་མཁན། གཅན་རྣམ་ཐར། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/05/29

         སློབ་གསོ་ནི་སློབ་གྲྭ་དང་སློབ་གསོའི་སྡེ་ཁག་ཁོ་ནའི་དོན་ཡིན་པའི་འདུ་ཤེས་རྙིང་བ་བསྒྱུར་ནས་སློབ་གསོ་ནི་ཁྱོན་ཡོངས་རང་བཞིན་ལྡན་པའི་བྱ་བ་ཞིག་ཡིན་པའི་འདུ་ཤེས་གསར་བ་འཛུགས་དགོས། དེང་སང་ད་དུང་བོད་ཁུལ་གྱི་ཁྱིམ་བདག་མང་བོ་ཞིག་གི་ད་དུང་འདུ་ཤེས་འདི་མཁྲེགས་འཛིན་བྱས་ཏེ་བསྡད་ཡོད་པས་མི་རིགས་ཀྱི་སློབ་གསོ་ཡར་རྒྱས་འགྲོ་བར་བཀག་འགོག་མི་ཉུང་བ་ཐེབས་དང་ཐེབས་བཞིན་འདུག

 ཁྱད་པར་དུ་ང་རང་ནི་སློབ་ཆུང་གི་དགེ་རྒན་བྱས་ཏེ་ཕལ་ཆེར་ལོ་ངོ་བཅོ་ལྔ་ཙམ་འགོར་བའི་རིང་འདིར་སློབ་ཆུང་སློབ་མ་ལྔ་བརྒྱ་ནས་དྲུག་བརྒྱ་ལྷག་གིས་དགེ་རྒན་བྱས་ཏེ་རེ་རེ་བཞིན་དམའ་འབྲིང་དུ་སྐྱེལ་ནས་ཡོང་བ་རེད་མོད། འོན་ཀྱང་ད་བར་དུ་སློབ་མ་དེ་དག་གི་ཁྱིམ་བདག་ཆེས་མང་ནའང་བཅུ་ཕྲག་ཙམ་ལས་ངོ་མི་ཤེས་པ་གཏན་འཁེལ་བྱས་ཏེ་བརྗོད་ན་ཆོག་པ་རེད། འདི་ལས་གཙོ་བོ་རང་གིས་ཁྱིམ་བདག་ལ་འབྲེལ་འདྲིས་མ་བྱས་པ་ཡིན་ནམ་ཡང་ན་ཁྱིམ་བདག་ཚོས་ཚུར་ལ་འབྲེལ་འདྲིས་མ་བྱས་པ་ཡིན་ནམ། གང་ལྟར་ཀྱང་རང་གི་ས་གནས་འདིའི་ཁྱིམ་བདག་མང་ཤོས་ཤིག་གིས་བསམ་པར་བྱིས་པ་སློབ་གྲྭ་སོང་ཉིན་ནས་བཟུང་དེ་ནི་སློབ་གྲྭའི་འགན་ཁུར་ཞིག་དང་། དགེ་རྒན་ཚོའི་བྱ་བ་ཞིག་ཡིན་པར་ངོས་འཛིན་གནང་ནས་རང་གི་བྱིས་པའི་སློབ་སྦྱོང་གི་གནས་ཚུལ་དང་སྒྲིག་ལམ་ཀུན་སྤྱོད་ཀྱི་ཕྱོགས་ལ་གཏན་ནས་དོ་སྣང་མི་བྱེད་པར་མ་ཟད། དགེ་རྒན་ལ་འབྲེལ་གཏུགས་གཏན་ནས་མི་བྱེད་པ་རེད། ད་དུང་རང་གི་བྱིས་པ་འཛིན་གྲྭ་གང་དང་ལོ་རིམ་གང་ཡིན་པའང་མི་ཤེས་པའི་ཁྱིམ་བདག་ཆེས་མང་པོ་ཡོད་པ་རེད། དེ་ལས་བྱིས་པའི་དགེ་རྒན་ནི་གཏན་ནས་ངོ་མི་ཤེས་པ་རེད། འདི་དང་འདི་ལྟ་བུའི་སྣང་ཚུལ་གྱི་སྔ་ལོགས་ན་ཁྱིམ་བདག་གིས་སློབ་གསོ་ཟེར་བ་ཅི་ཡིན་ཤེས་ཀྱི་མེད་པ་མ་ཟད། དེ་མིན་ང་ཚོ་དགེ་རྒན་རྣམས་ནི་སྤྱི་ཚོགས་ལས་རིགས་ཁྲོད་ན་གོ་གནས་ཆེས་དམའ་བ་ཡིན་པས་ཁྱིམ་བདག་གིས་ཀྱང་སྣང་མེད་དང་མཐོང་ཆུང་བྱེད་པའི་མཚོན་རྟགས་མ་ཡིན་ནམ།
ད་དུང་དེ་ལས་ཀྱང་སྣང་ཚུལ་ཆེས་སྡུག་ཤོས་ཤིག་ཡོད་པ་ནི་ང་ཚོའི་རྫོང་མཁར་ན་སློབ་གྲྭར་འགྲིམ་བཞིན་པའི་སློབ་མ་སྐོར་ཞིག་ལ་གཏན་ནས་ཁྱིམ་བདག་གིས་ཡོང་སྒོ་བཙལ་བའི་ཕྱོགས་སུ་མགོ་འཁོར་ཏེ་སློབ་ཕྲུག་མི་ཉུང་བ་ཞིག་ལ་བདག་སྐྱོང་བྱེད་ཀྱི་མེད་པར་ཁེར་རྐྱང་དང་རང་ཚུགས་རང་བདག་བྱེད་དུ་བཅུག་ཡོད་པ་འདི་ནི་ངོ་མ་ཡིད་སྐྱོ་བ་ཞིག་རེད། ལོ་ན་བཅུ་གཉིས་བཅུ་གསུམ་ལ་ཐོན་པའི་སློབ་མ་དག་གིས་རང་ལས་ཆུང་བའི་སློབ་མར་གཉོར་སྐྱོང་བྱེད་བཞིན་ཡོད་པ་རེད། འདི་དག་གིས་ཁྱིམ་བདག་གཙོ་བོའི་འགན་ཁུར་ནས་འདུག་ཞོར་དུ་སློབ་སྦྱོང་དང་འཚོ་བ་བཅས་ཕྱོགས་གང་ཐད་ལ་སེམས་ཁུར་བྱེད་པའི་འགན་ལྕི་མོ་ཁུར་ཡོད་པས། ད་གཟོད་སློབ་བུ་འདི་དག་གི་ཤེས་བྱའི་ཆུ་ཚད་ཅི་ལྟར་གོང་འཕེལ་དུ་འགྲོ་ཐུབ་བམ། ཁྱིམ་བདག་ཟླ་ངོ་མང་བོ་ཕྱི་རུ་ཞོར་ལས་སུ་འཁྱམས་ནས་བསྡད་པས། ཡུལ་ན་སློབ་བུ་འདི་དག་གི་ཁེར་རྐྱང་གི་འཚོ་བ་དང་རང་ནུས་ལ་བརྟེན་ནས་ཟས་གོས་འཚོལ་བ་དང་སློབ་སྦྱོང་གི་བྱ་བའི་འགན་གཅིག་ལྕོགས་སུ་ཁུར་ཡོད་པས་ངོ་མ་སེམས་ནས་མི་བཟོད་པ་ཞིག་རེད། དེ་བས་སློབ་བུ་འདི་དག་གི་སློབ་སྦྱོང་གི་ཆུ་ཚད་ཇེ་ཞན་ནས་ཇེ་ཞན་དུ་འགྱུར་འགྲོ་བ་རེད།
དེ་ལས་གཞན་ཁྱིམ་བདག་ཆེས་མང་ཤོས་ཤིག་གིས་རང་གི་བྱིས་པའི་དགེ་རྒན་དག་ལ་གཏན་དུ་འབྲེལ་གཏུགས་མི་བྱེད་པར་མ་ཟད། རང་གི་བྱིས་པའི་སློབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་གཏན་ནས་མི་བྱེད་པ་དང་། རང་གི་བྱིས་པ་སློབ་ཆུང་ནས་མཐར་ཕྱིན་རག་བར་དུ་སློབ་གྲྭ་རུ་ཐེངས་གཅིག་ལའང་ཡོང་མ་མྱོང་བའི་ཁྱིམ་བདག་ཀྱང་ཡོད་ཟེར་བ་རེད། དེ་དག་གི་སྣང་ཚུལ་ལས་ཤེས་པ་ནི་དེང་གི་དགེ་རྒན་གྱི་གནས་བབ་དང་གོ་གནས་སྤྱི་ཚོགས་ཀྱི་སྟེང་ན་ཆེས་དམའ་བ་ཡིན་པར་མཚོན་པ་རེད། དགེ་རྒན་ལས་ཞང་རིམ་པའི་ལས་བྱེད་པར་ཚང་མར་འབྲེལ་གཏུགས་བྱེད་པ་ཆེས་མང་བ་དང་། ཞང་རིམ་པའི་འགོ་ཁྲིད་ནས་སྤྱི་ཞབས་པ་ཡོད་ཚད་ལ་རྒྱུས་མངའ་དང་ངོ་ཤེས་ཡིན་ནི་རེད། དེ་ལས་ཀྱང་ཤེས་ཐུབ་པ་ནི་ང་ཚོ་དགེ་རྒན་གྱི་ལས་རིགས་ནི་ཞིང་བའི་ལས་རིགས་ལས་ཀྱང་དམན་པའི་ཚད་དུ་ལྷུང་ཡོད་པ་ཤེས་ཐུབ། དེང་སྐབས་ཚང་མས་ཁ་ན་དགེ་རྒན་ཡན་གྱི་དྲིན་ཆེན་ཞིག་གང་ན་ཡོད་ཟེར་བ་ལས་དོན་ངོ་མའི་དགེ་རྒན་ནི་ནམ་ཡང་སྤྱི་ཚོགས་ཀྱི་མཐའ་གྲལ་དུ་ཕུད་ཡོད་པ་ཤ་སྟག་རེད། དགེ་རྒན་གྱི་ལས་རིགས་ལ་སྤྲོ་བ་ཡོད་མཁན་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་བཞིན་ཡོད། དགེ་རྒན་ཚོས་ཀྱང་དེ་དང་བསྟུན་ནས་སྒྱིད་ལུག་གི་ལྟ་བ་ངང་གིས་ཚུར་བསུས་ཏེ་འགན་ཁུར་འགྲུབ་ཐབས་ཀྱི་ལས་ལ་ཅི་རིགས་སུ་འབད་ཀྱིན་འདུག་པའི་སྣང་ཚུལ་མང་པོའང་བྱུང་དང་འབྱུང་བཞིན་འདུག་པ་རེད། མ་འོངས་བའི་སློབ་གསོའི་ཁ་ཕྱོགས་ནི་བཤད་མི་ཤེས་པའི་ཚན་རིག་ལྟ་བུའི་གསང་བ་ལྐོག་གྱུར་གྱི་ལས་ཤིག་ཏུ་གཞོལ་གྱིན་ཡོད་པར་འདོད། དེར་བརྟེན་སྤྱི་ཚོགས་ལས་རིགས་སྟེང་གི་རྣམ་དཔྱོད་ཅན་དང་སློབ་གསོར་ཤ་ཚ་སྙིང་ཉེ་བའི་དཔྱོད་ལྡན་པ་དག་གིས་རང་དགར་མི་འདུག་པར་ལག་པ་བྲང་ཁར་འཇོག་པའི་ཚད་ལ་ཐོན་གྱི་འདུག་གོ།
Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།