གྲུ་ལམ་གསར་འབྱེད་ཀྱི་“གསར་”གྱི་ངོས་ཐད་ཅུང་ཟད་གླེང་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 15/04/14

གྲུ་ལམ་གསར་འབྱེད་ཀྱི་“གསར་”གྱི་ངོས་ཐད་ཅུང་ཟད་གླེང་བ།
གཅན་ཚ་བཀྲ་ཤིས་རྒྱལ།

       གཅིག ས་ཁམས་རིག་པའི་ངོས་ཐད་ནས་བལྟས་ན། ཏེ་ཡ་ཧྲི་ནུབ་ཀྱི་རྒྱ་མཚོ་ཆེན་པོ་བརྒལ་ནས་ལྷོ་ཕྱོགས་སུ་བསྐྱོད་པ་དེས་ཐེངས་དང་བོར་ཡོབ་གླིང་གི་ནུབ་མཚོའི་འགྲམ་ནས་ཧྥེ་གླིང་གི་ལྷོ་ཕྱོགས་ལ་བསྐྱོད་པའི་འགྲུལ་བཞུད་གསར་དུ་བཏོད། ཏ་ཅ་མ་ནུབ་ཀྱི་རྒྱ་མཚོ་བརྒལ་ཆེན་མོ་ཞིང་ཧྥེ་གླིང་བསྐོར་ནས་ལྷོ་རུ་བསྐྱོད་པ་དེས་ཡོབ་གླིང་མཚོ་ཐོག་བརྒྱུད་ནས་ཐད་ཀར་ཧིན་རྡུར་སླེབས་ཐུབ་པའི་འགྲུལ་བཞུད་གསར་དུ་བཏོད། ཁི་ལོམ་པུ་རུ་ཁག་གིས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་འཕྲེད་བརྒལ་བྱས་ནས་དེས་མེ་གླིང་སྐམ་ས་གསར་དུ་རྙེད། མེ་ཀྲི་ལོན་རུ་ཁག་གིས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་དང་། ཞི་བདེ་རྒྱ་མཚོ་ཆེན་མོ།ཧིན་རྡུ་རྒྱ་མཚོ་ཆེན་མོ་སོགས་བརྒྱུད་ནས་ཕྱིར་ཡོབ་གླིང་ལ་ཞོན་པ་དེས་འཛམ་གླིང་མཚོ་བསྐོར་གསར་བ་ལེགས་འགྲུབ་བྱུང་། མཚོ་འགྲུལ་བ་བཞི་བོས་བཏོད་པའི་འགྲུལ་བཞུད་གསར་བ་དེས། ཆེས་དམའ་བའི་ཚན་རྩལ་གྱི་ཆུ་ཚད་འོག མིའི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ལམ་ཐིག་གི་གཞི་ཞིག་གྲུབ་པར་བྱས་འདུག ཐེངས་འདིའི་མཚོ་འགྲུལ་འདིས་འཛམ་གླིང་གི་གླིང་ཆེན་ཁག་དང་མཚོ་ཆེན་གྱི་ཚོགས་དམ་དུ་སྦྲེལ་བར་བྱས་ཤིང་། མིའི་རིགས་ཀྱི་མཐོང་ལམ་རིང་བར་བསྐྱེད་འདུག དེར་མ་ཟད། ཡོབ་གླིང་གི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། ཆེས་སྔ་མོའི་མི་སེར་སྤེལ་བའི་བྱ་འགུལ་འཛམ་གླིང་གི་ཡུལ་གྲུ་ཁག་ནས་དར་མགོ་ཚུགས། གྲུ་ལམ་གསར་འབྱེད་བྱས་པ་དེས། འདས་པའི་མི་རྣམས་ཀྱི་འཇིག་རྟེན་བར་སྟོང་གི་ངོས་འཛིན་ལ་རྡུང་རྡེག་དྲག་པོ་བཏང་ཞིང་སའི་གོ་ལ་ཟླུམ་གཟུགས་ཤིག་ཡིན་པའི་ཡང་དག་གི་འདོད་རྒྱུན་ལག་ལེན་ལས་སྤྲོད་ཐུབ་པ་བྱུང་། འདིས་མི་རྣམས་ཀྱི་ས་ཁམས་ཤེས་བྱའི་ཆགས་གྲུབ་བསྒྱུར་བ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་མི་རྣམས་ཀྱི་འཛམ་གླིང་ངོ་བོའི་ངེས་ཤེས་མཐོར་འདེགས་སུ་ཕྱིན་ཏེ། འཛམ་གླིང་གཞི་གཅིག་ཏུ་འགྱུར་བའི་གོམ་ཁ་དང་བོ་སྤོས། 
       གཉིས། དཔལ་འབྱོར་རིག་པའི་ཐད་ནས་བལྟས་ན། གྲུ་ལམ་གསར་འབྱེད་བྱས་པ་དེས་ཡོབ་གླིང་དུ་ཚོང་ལས་གསར་བརྗེ་དང་རིན་གོང་གསར་བརྗེ་གཉིས་བསླངས་ཤིང་། མིའི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྒྲིག་གཞིར་འགྱུར་བ་ཆེན་པོ་བཏང་། ཚོང་ལས་གསར་བརྗེས་ཡོབ་གླིང་གི་ཉོ་ཚོང་ཁྱབ་ཁོངས་སྔར་མེད་རྒྱ་བསྐྱེད་ཅིང་།  ནུབ་གླིང་དང་འཛམ་གླིང་གི་ཡུལ་གྲུ་སོ་སོ་དང་མི་རིགས་སོ་སོའི་བར་གྱི་དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་བར་ཤུགས་བསྣན་པ་དང་། མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་སྒྲིག་གཞི་གསར་བ་དང་ཐོན་སྐྱེད། ལས་གཉེར།དོ་དམ་དང་ཉོ་འཚོང་སོགས་དཔལ་འབྱོར་གྱི་འཁོར་རྒྱུག་རྣམ་པ་རིམ་བཞིན་འཛམ་གླིང་ཅན་གྱི་ཕྱོགས་སུ་སྐུལ། མི་སེར་སྤེལ་བའི་སྟོབས་ཤུགས་ཁྱབ་པའི་ས་ཆར། དཔལ་འབྱོར་ལམ་ལུགས་རྙིང་བར་རྒོལ་ལན་དྲག་པོ་སྤྲད་ཅིང་། ཡ་ཧྥེ་ལའི་ཁྲོམ་ར་དེ་རིམ་བཞིན་མ་རྩ་རིང་ལུགས་ཀྱི་འཛམ་གླིང་ཁྲོམ་རའི་ནང་དུ་ཚུད། དེ་ལྟར་འཛམ་གླིང་ཁྲོམ་རའི་གཞི་དངོས་སུ་ཆགས་མགོ་བརྩམས། རིན་གོང་གསར་བརྗེས་ནུབ་གླིང་གི་རིན་ཆེན་གསེར་ཇེ་མང་དུ་བཏང་བས། གསེར་རིན་མར་ཆག་ཅིང་། དངོས་གོང་གློ་བུར་ཡར་འཕར། དེ་ལས་འབྱོར་ལྡན་གྲལ་རིམ་གྱིས་ཁེ་སྤོགས་ཆེན་པོ་བླངས། རིན་གོང་གསར་བརྗེ་ནི་མ་རྩ་ཆེས་ཐོག་མའི་གསོག་འཇོག་གི་རྒྱུ་རྐྱེན་གཅིག་ཡིན། དེས་ནུབ་གླིང་གི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མེད་པར་གཏོང་བ་དང་མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད་པ་རེད།
       གསུམ། ཆབ་སྲིད་རིག་པའི་ཐད་ནས་བལྟས་ན། གྲུ་ལམ་གསར་འབྱེད་བྱས་རྗེས། འདས་ཟིན་པའི་གླིང་སོ་སོའི་ཁ་ཐོར་གྱི་རྣམ་པ་རྩ་བ་ནས་གཏོར་ཏེ་རྒྱལ་ཁབ་སོ་སོའི་འགྲོ་འོང་དང་བརྗེ་རེས་ཀྱི་རྣམ་པ་རིམ་བཞིན་མངོན་གསལ་དུ་གྱུར་ཏེ། དོན་དངོས་ཐོག་ཉེ་རབས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་མྱུ་གུ་ཐོག་མར་འབུས་སུ་བཅུག་པས། འཛམ་གླིང་ཆབ་སྲིད་གཞི་གྲུབ་ལ་འགྱུར་བ་ཆེན་པོ་བཏང་། ཡོབ་གླིང་གི་ཚོང་ལས་གསར་བརྗེ་དང་རིན་གོང་གསར་བརྗེ་ཡིས་གནས་དེ་རུ་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་འབྱུང་བར་ཆ་རྐྱེན་བསྐྲུན་ཞིང་། མ་རྩ་རིང་ལུགས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་ཚབ་བྱས་པ་དེ་ནི་མིའི་རིགས་ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་རེད། དེས་མི་སེར་སྤེལ་བའི་བརྒྱུད་རིམ་ཁྲོད། ཕྱོགས་གཞན་ཞིག་ནས་རྗེས་ལུས་ཀྱི་ས་གནས་དེ་དག་གི་བསམ་བློ་རྙིང་བར་ཚད་མི་འདྲ་བའི་རྡུང་རྡེག་བཏང་ཡོད་པ་རེད། གཞན་ཡང་། གྲུ་ལམ་གསར་འབྱེད་བྱས་པ་དེས། ནུབ་གླིང་གི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། ཤར་ནུབ་ཀྱི་དཔལ་ཡོན་འཕེལ་ཚད་དོ་མི་མཉམ་པར་བཏང་། དེ་ནས་བཟུང་ཤར་ཕྱོགས་རིམ་བཞིན་ནུ་ཕྱོགས་ཀྱི་འོག་ཏུ་ཚུད་ཅིང་། ནུབ་གླིང་ལྟེ་བ་ཡིན་པའི་ཉེ་རབས་ཀྱི་མ་རྩ་རིང་ལུགས་འཛམ་གླིང་མ་ལག་ག་ལེར་ཚུགས།
       བཞི། བསམ་བློའི་འདུ་ཤེས་ཀྱི་ཐད་ནས་བལྟས་ན། གྲུ་ལམ་གསར་འབྱེད་བྱས་པ་བརྒྱུད། ནུབ་ཕྱོགས་ཀྱི་ཆོས་པ་མང་བོ་ཁོ་ཚོས་བལྟས་ན་ཀླ་ཀློ་ཡིནཔའི་ཕྱི་གླིང་ལ་སྤྲོ་བ་ཟབ་མོ་ཡོད་པར་གྱུར། ཁོ་ཚོ་མི་སྒེར་རྒྱང་བསྐྱོད་དང་ཚོང་འབྲེལ་གྱི་གྲུའི་རུ་ཁག་དང་བསྡེབས་ནས་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཕྱིན། རེ་བ་ནི་ནུབ་ཕྱོགས་ཡེ་ཤེས་ཆོས་ལུགས་དེ་འཛམ་གླིང་གི་གྲུ་ག་རེ་རེར་ཁྱབ་སྤེལ་བྱ་རྒྱུ་དེ་རེད། ཁོ་ཚོའི་ཁྲོད་ཀྱི་མང་ཤས་ནི་མི་སེར་སྤེལ་མཁན་གྱི་གཞོགས་འདེགས་པ་ཡིན། ཁོ་ཚོས་ཆོས་སྤེལ་བ་དང་སློབ་གསོ་སྒྲུབ་པའི་བྱེད་ཐབས་སྤྱད་ནས་ནུབ་ཕྱོགས་ཀྱི་རིག་གནས་དེ་ཁྱབ་ཆེ་བར་རྒྱ་བསྐྱེད་པ་རེད། ཡང་དེ་ཚོའི་ཁྲོད་ཀྱི་ཆོས་པ་ལ་ཤས་ཀྱིས་ལྷག་བསམ་རྣམ་དག་གིས་ཆོས་རྒྱུན་སྤེལ་ཞིང་རིག་གནས་དྲིལ་སྒྲོག་བྱས་པ་དེས་ཕྱོགས་ངེས་ཅན་ཞིག་ནས་མི་སེར་སྤེལ་ཡུལ་དེ་དག་གི་མིའི་རྨོངས་པ་སེལ་ཏེ་སྔོན་ཐོན་གྱི་སློབ་གསོ་སྒྲུབ་སྟངས་དང་བསམ་བློའི་བསྒྱུར་བཅོས་ལ་རམ་འདེགས་དང་ཤུགས་རྐྱེན་མི་དམན་པ་ཐོན་ཏེ། གནས་དེ་དག་གི་ཡར་སྐུལ་མི་མང་བོ་ཞིག་གིས་རང་གི་རྒྱལ་ཁབ་དེ་ཉེ་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་བླ་མེད་བྱས། 
        ལྔ། ཚན་རིག་ལག་རྩལ་གྱི་ཐད་ནས་བལྟས་ན། མཚོ་འགྲུལ་ལ་སྟབས་བདེ་བཟོ་བ་དང་མི་སེར་སྤེལ་ཡུལ་གྱི་འཕྲོག་བཅོམ་དང་བགོ་བཤའི་དགོས་མཁོར་དམིགས་ནས་གྲུ་བཟོ་བའི་ལག་རྩལ་དང་མཚོ་བསྐྱོད་ལག་རྩལ། གནམ་དཔྱད། ས་ཁམས། དམག་དོན་བཟོ་ལས་ཀྱི་ལག་རྩལ་སོགས་འདུས་པའི་ཉེ་རབས་ཀྱི་དོན་སྙིང་ལྡན་པའི་ཚན་རིག་ལག་རྩལ་གྱི་ཕྱོགས་ལ་མཐོང་ཆེན་ཡ་མེད་བྱས་ཤིང་གྲུབ་འབྲས་ཀྱང་མངོན་གསལ་བླངས་པ་བཅས།

རྩོམ་སྒྲིག་པ། དབང་གྲགས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།