ལོ་རྒྱུས་སློབ་སྦྱོང་བྱེད་ཐབས་བསྐྱར་གླེང་།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 15/04/14

ལོ་རྒྱུས་སློབ་སྦྱོང་བྱེད་ཐབས་བསྐྱར་གླེང་།
གཅན་ཚ་བཀྲ་ཤིས་རྒྱལ། ༼རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་།༽

         བསླབ་གཞི་གང་དང་གང་ཞིག་ཡིན་ནའང་དེ་ལ་ཐུན་མིན་གྱི་སློབ་སྦྱོང་བྱེད་ཐབས་དང་བསམ་གཞིགས་གཏོང་སྟངས་འདྲ་མིན་སྣ་ཚོགས་ཡོད་པ་རེད། སྤྱིར་ལོ་རྒྱུས་ཞེས་པའི་བསླབ་གཞི་འདི་ལའང་དེར་བསྟུན་གྱི་སློབ་སྦྱོང་བྱ་ཐབས་ཅི་སྙེད་ཅིག་ཡོད་པ་རེད། ལོ་རྒྱུས་ནི་འདས་ཟིན་པའི་ཕྱིར་དྲན་བྱ་རུང་བ་དང་དྲན་གསོ་བྱས་ན་དོན་སྙིང་ཡོད་པའི་དོན་བྱ་དག་ཟིན་ཐོར་བརྒྱུས་ནས་འགྲོ་བ་མིའི་མ་འོངས་པའི་འཚོ་གཞི་ལ་ལམ་གྱི་སྒྲོམ་གཞི་ཡང་དག་ཅིག་བཟོ་བའི་རིག་གཞུང་བླ་མེད་ཅིག་གི་ཟུར་ཚད་ནས། འབྲེལ་བའི་རང་བཞིན་མངོན་གསལ་ཡིན་པ་ནི་དེའི་གཟུང་ཐག་ཅིག་གི་ངོས་བཟུང་སྟེ། གཤམ་ནས་ཕྱོགས་གསུམ་གྱིས་འབྲེལ་ཡོད་ཀྱི་ནང་དོན་གསལ་བཤད་ཐུང་ངུ་ཞིག་བྱ།
        དང་བོ། རྒྱུ་འབྲས་ཀྱི་འབྲེལ་བས་བལྟ་བ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་བྱུང་བའི་བྱ་དངོས་གང་ཞིག་ཡིན་རུང་། དེ་ལ་རྒྱུ་དང་འབྲས་བུའི་མཐོང་ཚད་ནས་བལྟས་ཆོག་སྟེ། རྒྱུའི་ས་བོན་ཏིལ་འབྲུ་ཙམ་ཡང་མེད་པ་ཡིན་ན་དེའི་ངེས་ཐད་ཀྱི་འབྲས་བུ་གང་ཞིག་འབྱུང་སྲིད་ཐབས་མེད། ཞོལ་ནས་ང་ཚོས་ལོ་རྒྱུས་ཀྱི་དོན་བྱ་དངོས་ནས་དེའི་འབྲེལ་བར་དབྱེ་ཞིབ་ཅིག་བགྱིས་ན། བཟོ་ལས་གསར་བརྗེ། མ་རྩ་རིང་ལུགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ། དཔལ་འབྱོར་ཉམས་ཉེན་རེས་མོས་སུ་བྱུང་བ། སྤྱི་ཚོགས་རིམ་གཉིས་སུ་གྱེས་པ་དང་བཟོ་བའི་ལས་འགུལ་བྱུང་བ། མར་ཁེ་སིའི་རིང་ལུགས་བྱུང་བ། ཡང་དཔེར་ན། ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བ་དང་། སྤྱི་ཚགས་ཐོན་སྐྱེད་ཐད་སྲིད་གཞུང་མེད་པའི་རྣམ་པ་བྱུང་བ། མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ཉམས་ཉེན། སྤི་ཚོགས་དཔལ་འབྱོར་ལ་གཏོར་བརླག་ཚབས་ཆེན་བཟོས་པ།
        གཉིས་པ། མཉམ་གནས་ཀྱི་འབྲེལ་བས་བལྟ་བ། ལོ་རྒྱུས་ཀྱི་དོན་བྱ་གང་ཞིག་གི་འབྱུང་རྐྱེན་ལ་དེ་དང་དུས་མཉམ་པའམ་རྒྱབ་ལྗོངས་གཅིག་པ། ཅུང་ཟད་ཆ་མཚུངས་པའི་རྒྱུ་རྐྱེན་གཞན་དག་ཡོད་པ་རེད། དཔེར་ན། མར་ཁེ་སི་རིང་ལུགས་བྱུང་བའི་ཆ་རྐྱེན། སྤྱི་ཚོགས་དཔལ་འབྱོར་གྱི་སྔོན་འགྲོའི་ཆ་རྐྱེན། བཟོ་ལས་གསར་བརྗེས་མ་རྩ་རིང་ལུགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་བ། གྲལ་རིམ་གྱི་རྨང་གཞི། སྒེར་ཚུགས་ཀྱི་བཟོ་བའི་ལས་འགུལ་བྱུང་བ། ལག་ལེན་གྱི་རྨང་གཞི། མ་ཨིན་གྱིས་ཚན་རིག་གཞུང་ལུགས་གསར་དུ་བཏོད་ནས་གསར་བརྗེའི་བྱ་འགུལ་སྤེལ་བ། ཡང་དཔེར་ན། མར་ཁེ་སིའི་རིང་ལུགས་ཀྱི་རྒྱབ་རྟེན་གསུམ། འཇར་མན་་གྱི་གནའ་གཞུང་མཚན་ཉིད་རིག་པ། དབྱིན་ཇིའི་གནའ་གཞུང་ཆབ་སྲིད་དཔལ་འབྱོར་རིག་པ། དབྱིན་ཧྥའི་སྟོང་བསམ་སྤྱི་ཚོགས་རིང་ལུགས། 
         གསུམ་པ། རྒྱུན་མཐུད་ཀྱི་འབྲེལ་བས་བལྟ་བ། ལོ་རྒྱུས་ཐོག་བྱུང་བའི་དོན་རྐྱེན་གང་ཞིག་ཀྱང་དེ་ལ་དེ་མཐུན་གྱི་འབྲེལ་བ་ཞིག་གི་རྒྱུན་བསྲིངས་ནས་སླེབས་པའམ་བྱུང་བ་ཡིན་པ་ལས། རང་རྐྱ་འཕེར་བའམ་དུས་ངེས་མེད་དུ་རྐྱེན་ཅི་ལའང་མ་བསྡིངས་པར་འོངས་པ་ཞིག་ཡེ་ནས་མ་ཡིན། འཛམ་གླིང་ལོ་རྒྱུས་ལས་དཔེ་བརྗོད་ཅིག་བཞག་ན། བཟོ་བ་གྲལ་རིམ་གྱིས་དཔལ་འབྱོར་གྱི་ཁེ་ཕན་བརྩོན་ལེན་བྱ་ཆེད། ལས་བསྐྱུར་འཐབ་རྩོད་བྱས་པར་དྲག་ཤུགས་ཀྱིས་བཙིར་གནོན་བྱས། ཆབ་སྲིད་སྟེང་ཐོབ་དབང་ཅི་ཡང་མེད་པའི་རྣམ་པ་ངེས་པར་བསྒྱུར་དགོས་པའི་བློ་བསྐྱེད་བྱུང་། འབྱོར་ལྡན་གྲལ་རིམ་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་འཐབ་རྩོད་མགོ་བསླངས་པ། དུས་རབས་༡༩བའི་ལོ་རབས་༣༠་བ་དང་༤༠བའི་སྒེར་ཚུགས་ཀྱི་བཟོ་བའི་ལས་འགུལ་བྱུང་། ཡང་དཔེར་ན། ཕུའུ་ཧྥ་དམག་འཁྲུག་ཁྲོད་ཧྥ་རན་སི་ཕམ་ཉེས་བྱུང་བ། པ་ལི་མི་དམངས་ཀྱི་འོས་ལངས། ཧྥ་ལན་ཞི་བཙན་རྒྱལ་གཉིས་པ་མགོ་རྟིང་བསློགས་པ།ཧྥ་ལན་ཞི་སྤྱི་མཐུན་རྒྱལ་ཁད་ཨང་གསུམ་པ་བཙུགས་པ། ཐེ་ཨེར་གྱིས་མགོ་ཁྲིད་པའི་གནས་སྐབས་སྲིད་གཞུང་བཙུགས་པ། ཕྱི་ལ་རྒྱལ་འཚོང་དང་ནང་དུ་བཟོ་བ་དགྲ་རུ་འཛིན་པའི་ལས་སྤེལ་བ།པ་ལི་ཀུང་ཧྲེའི་གསར་བརྗེ། དཔེ་ཆ་མང་བོ་ཞིག་ལ་བལྟ་དགོས་པ་ནི་སྨྲས་མ་དགོས་མོད། དེ་ལས་ཀྱང་དཔེ་ཆ་ངཟང་གྲས་དག་གདམ་གསེས་བྱེད་དགོས་པའང་ཤིན་ཏུ་ནས་གལ་ཆེ། དཔེ་ཆ་མང་བོར་བལྟས་ཀྱང་བྱེད་ཐབས་མ་འགྲིག་པ་ན། འབྲས་བུ་ཡིད་ཚིམས་པ་ཞིག་ཐོབ་མི་སྲིད་པའི་ཕྱིར། དཔེ་ཀློག་དང་དཔེ་ཀློག་གི་བྱེད་ཐབས་གཉིས་ནམ་ཡང་ཁ་ཁར་གཏོང་མི་རུང་བར་དོ་གལ་གཙིགས་ཆེན་བྱ་དགོས་པའི་བྱ་བ་ཞིག་ཡིན། ལོ་རྒྱུས་སློབ་སྦྱོང་བྱེད་པ་དེའང་འདས་ཟིན་པའི་དོན་དག་ཡོད་དགུ་ཕྱིར་དྲན་བྱས་ནས་དེ་གཏམ་རྒྱུད་དང་སྒྲུང་གཏམ་ཞིག་གི་རྣམ་པས་མི་རབས་རྗེས་མར་བརྒྱུད་སྒྲོག་བྱེད་པ་ཙམ་མ་ཡིན་པར། ལོ་རྒྱུས་ཀྱི་དོན་བྱ་མང་ཆེ་བ་ཕན་ཚུན་བརྟེན་ཞིང་འབྲེལ་བའི་ཚུལ་དུ་གནས་ཡོད་པ་དང་། ཚད་མི་འདྲ་བའི་སྒོ་ནས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཡོད་ཕྱིར། ང་ཚོས་འབྲེལ་བའི་བློ་མིག་གིས་བལྟ་དགོས་ཤིང་། བློ་ཡིས་ཞིབ་ཏུ་དཔྱད་ནས་དོན་གང་དེའི་རྒྱབ་ལྗོངས་དང་དོན་སྙིང་བློ་ལ་ངེས་པར་བྱེད་དགོས་ལ།དེ་ནི་བསླབ་བྱ་དང་ཆོས་ཉིད་ཅིག་ཏུ་གྲུབ་པར་བྱས་ནས་མ་འོངས་པའི་རྒྱང་བལྟ་དང་ད་ལྟའི་ལག་ལེན་གྱི་རྒྱུ་གསོན་པོ་ཞིག་ཏུ་འགྱུར་བར་བརྩོན་དགོས་སེམས།

རྩོམ་སྒྲིག་པ། དབང་གྲགས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།