ཀྲིན་ཧིའི་མཚོ་འགྲུལ་དང་གྲུ་ལམ་གསར་འབྱེད་ཀྱི་ཞིབ་སྡུར།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 15/04/14

ཀྲིན་ཧིའི་མཚོ་འགྲུལ་དང་གྲུ་ལམ་གསར་འབྱེད་ཀྱི་ཞིབ་སྡུར།
གཅན་ཚ་བཀྲ་ཤིས་རྒྱལ། ༼རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་།༽

       གཅིག མཚོ་འགྲུལ་གྱི་ཀུན་སློང་དང་དམིགས་ཡུལ། 
       ཀྲུང་གོའི་མཚོ་འགྲུལ་གྱི་ཀུན་སློང་ནི་གཙོ་བོ་ཆབ་སྲིད་སྟེང་ན་ཡོད། དེ་ནི་ཕྱི་ཕྱོགས་ལ་ཞི་འབྲེལ་གྱི་བྱེད་ཐབས་བཀོལ་བའི་ཐོན་དངོས་ཤིག་ཡིན། ཕྱི་གླིང་གི་མཚོ་འགྲུལ་ནི་གཙོ་བོ་དཔལ་འབྱོར་སྟེང་དུ་ཡོད་དེ། དེ་ནི་ཚོང་ཟོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་དངོས་ཤིག་རེད། མིང་མགོའི་ཀྲུང་གོ་ནི་རང་བྱུང་དཔལ་འབྱོར་གཞི་རྐང་ཚུགས་པའི་རྒྱལ་ཁབ་ཅིག་སྟེ། ཕྱི་ཕྱོགས་ཚོང་འབྲེལ་གྱིས་དེའི་རྒྱལ་དམངས་དཔལ་འབྱོར་ཁྲོད་གོ་གནས་གལ་ཆེན་མི་ཟིན། དེ་བས་དེའི་མཚོ་འགྲུལ་ནི་གཙོ་བོ་ཆབ་སྲིད་སྟེང་ན་ཡོད་དེ། ⑴རྒྱལ་ཁབ་དང་རྒྱལ་བོའི་ཟིལ་ཤུགས་ངོམ་ཆེད་ཡིན། མཚོ་འགྲུལ་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་སྟོབས་འབྱོར་ངོམ་ཏེ་རང་གི་དངོས་པོ་རྩ་ཆེན་འབོར་ཆེན་རྒྱལ་ཁབ་གཞན་པར་སྐྱེས་འབུལ་དུ་གནང་ཞིང་། དེ་དག་གིས་ཀྱང་འོས་འཚམས་ཀྱི་ལེགས་སྐྱེས་བསྣམས་ནས་རང་རྒྱལ་ཁབ་དུ་འོངས་པར་དགའ་བསུ་དང་རེ་བ་བྱེད་པ་རེད། གཞན་ཡང་། མེང་ཁྲིན་ཙུའུ་རང་ཉིད་ནས་ཅིན་ནན་དམག་འགྱེད་བརྒྱུད་ནས་ཐོབ་པའི་གོང་མའི་གོ་གནས་ལ་རྒྱལ་ཁབ་ནང་ཁུལ་དུ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཡོད་རྐྱེན། ཁོས་ཐབས་འདི་ལྟ་བུ་ཞིག་ལ་བརྟེན་ནས་རང་གི་ཟིལ་ཤུགས་ངོམ་པ་རེད། ⑵སྲོལ་རྒྱུན་གྱི་ཁྱིམ་མཚེས་རྒྱལ་ཁབ་འབྲེལ་བར་ཤུགས་བསྣན་ནས། ལྷོ་ཕྱོགས་ས་ཁུལ་གྱི་བདེ་འཇགས་ལ་གཞོལ་བ་དང་། དེར་བརྟེན་ནས་ཡོན་བྱང་མར་ཁ་གཏོད་པའི་འདོད་བློ་བཅངས་ཡོད་པ། སྐབས་དེར་ཡོན་རྒྱལ་རབས་ཀྱི་སྟོབས་ཤུགས་ལྷག་མ་ད་དུང་བྱང་ཁུལ་དུ་གནས་ཡོད། ལྷོ་ཕྱོགས་བདེ་འཇགས་མ་ཡིན་ན་བྱང་གི་ཡོན་ལྷག་མ་འདུལ་བར་གེགས་ཆེ་བས་ཡིན། དེ་བས་མཚོ་འགྲུལ་བྱས་ནས་མཚོ་ཇག་བཏུལ་བ་དང་རྒྱལ་ཁབ་གཞན་པའི་འབྲེལ་བ་སླར་གསོ་བྱས་པ་དེས་ནང་གི་ཡོན་ལྷག་མ་འདུལ་བར་སྟོབས་ཤུགས་དཔག་ཏུ་མེད་པ་བསྩལ་ཡོད། དེའི་ཕྱིར་ཀྲིན་ཧི་མཚོ་བསྐྱོད་བྱས་པ་དེ་ནི་ཚོང་ལས་དཔལ་འབྱོར་གྱི་དགོས་མཁོ་ཞིག་ཡེ་ནས་མ་ཡིན་པར། ལེགས་སྐྱེས་ཁྱེར་ནས་རྒྱལ་ཁབ་གཞན་གྱི་འབྲེལ་བར་ཤུགས་སྣོན་པའི་ཆབ་སྲིད་ཀྱི་བྱེད་ཐབས་འབའ་ཞིག་གོ
       དུས་རབས་༡༦པའི་སྔ་གཞུག་གི་ནུབ་གླིང་ནི་ཚོང་ཟོང་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་ཤིང་། གསེར་གཙོ་ཡིན་པའི་དངུལ་ལོ་ཤིན་ཏུ་རྒྱུགས་ཆེ་བའི་དུས་སྐབས་ཤིག་ཏུ་འཁེལ་ཡོད། དེ་བས་དེའི་མཚོ་འགྲུལ་ནི་དཔལ་འབྱོར་ཁེ་སྤོགས་ཀྱི་སྐུལ་སྤེལ་ཐེངས་ཤིག་སྟེ། ①རྒྱུ་ནོར་འཕྲོག་བཅོམ་དང་གསེར་འཚོལ་བར་དམིགས་པ། ཨིན་ཀི་སིས་ཕོར་ཐུ་གལ་གྱི་མིས་ཧྥེ་གླིང་མཚོ་འགྲམ་དང་ཧིན་རྡུ། ཤར་ཕྱོགས་ཀྱི་ས་ཁུལ་མང་བོ་ནས་མཐའ་གཅིག་ཏུ་འཚོལ་བ་ནི་གསེར་ཡིན་ཏེ། གསེར་ནི་ཕོར་ཐུ་གལ་དང་སི་ཕན་གྱི་མིས་འདོད་ཧམ་ཆེན་པོ་བཅངས་པའི་དངོས་པོ་གཅིག་པུ་དེ་ཡིན་པའོ། ②ཁྲོམ་ར་རྒྱ་བསྐྱེད་ནས་ཁེ་སྤོགས་ཆེན་པོ་ལེན་པར་དམིགས་པ་བཅས། 
       གཉིས། མཚོ་འགྲུལ་གྱི་ཆ་རྐྱེན། 
       ①ཀྲུང་གོའི་མཚོ་འགྲུལ་ནི་སྲིད་གཞུང་གི་བཀོད་འདོམས་འོག་སྤེལ་བ་ཡིན་དཔྱིས། དེ་ལ་སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་ཆེན་པོ་མེད། ནུབ་གླིང་གི་མཚོ་འགྲུལ་ལ་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་དེ། སྐབས་དེའི་ཡོབ་གླིང་གི་མིས་གསེར་འཚོལ་བ་གཙོ་བོ་བྱེད་ཅིང་། ཁི་ལོམ་པུས་ཀྱང་གསེར་ནི་ཆེས་ཡ་མཚར་གྱི་དངོས་པོ་ཞིག་སྟེ། སུ་ལ་གསེར་ཡོད་ན་དེས་ཡོད་ཚད་ཁ་ལོ་བསྒྱུར་ནུས།ཞེས་པ་སྟེ། ཁོ་ཚོའི་ས་ཆར་གསེར་ཤིན་ཏུ་དཀོན་པ་རེད། མ་ཁི་པོ་ལོ་ཟིན་བྲིས།དེ་ཡོབ་གླིང་དུ་སྤེལ་རྗེས། དེའི་ནང་དུ་འཁོད་པའི་ཤར་ཕྱོགས་གསེར་གྱི་རྒྱལ་ཁམས་ཞེས་པས་ཁོ་ཚོ་ལ་ཤུགས་རྐྱེན་ཐེབས་པ་ཧ་ཅང་ཟབ། གཞན་ཡང་། རིག་རྩལ་བསྐྱར་དར་སྐབས་བསྒྲགས་པའི་ཚེ་འདིའི་བདེ་སྐྱིད་བརྩོན་ལེན་བྱ་དགོས་པའི་འབོད་པ་ཡིས་ཁོ་ཚོ་ལ་འཚོལ་ཞིབ་དང་གསར་རྙེད་ཀྱི་སྤོབས་པ་བླ་ན་མེད་པ་བསྩལ་ཡོད་པ་རེད།
       ②སྐབས་དེའི་ཀྲུང་གོའི་མིའི་འདུ་ཤེས་ཤིག་ལ་གནམ་སྒོར་ས་གྲུ་བཞི་ཡིན་པས། རང་ཁྱིམ་དང་གྱེས་ནས་ཐག་ཇི་ལྟར་རིང་སར་ཕྱིན་ན་པྱིར་སླེབས་པའི་སྐལ་བ་དབེན་པར་འདོད། ཡིན་ནའང་། སྐབས་དེར་ནུབ་གླིང་གིས་སའི་གོ་ལ་ཟླུམ་གཟུགས་ཤིག་ཏུ་ངོས་བཟུང་ཡོད་པ་ཁི་ལོམ་པུའི་འཛམ་གླིང་ཁྱོན་ཡོངས་རི་མོ་ལས་ཤེས་ཐུབ། 
       གསུམ། མཚོ་འགྲུལ་གྱི་རྣམ་འགྱུར། 
       ①ཀྲིན་ཧིའི་གྲུའི་རུ་ཁག་ནི་མཛའ་འབྲེལ་མཉམ་གནས་ཀྱི་ཞི་བདེའི་ཚོ་ཁག་ཅིག་ཡིན་ལ། ནུབ་གླིང་གི་གྲུའི་རུ་ཁག་ནི་ཆོས་དང་མི་སེར་སྤེལ་བའི་གཉའ་གནོན་དང་འཕྲོག་བཅོམ་རང་བཞིན་ལྡན་པའི་ཚོ་ཁག་ཅིག་ཡིན། ཀྲིན་ཧི་རུ་ཁག་གིས་སོང་ས་བསྡད་སར་འདྲ་མཉམ་དང་ཞི་བདེའི་འབོད་སྐུལ་བསྒྲགས་པ་ལས་བཙན་ཤུགས་གཏན་ནས་བཀོལ་མྱོང་མེད། མཚོ་འགྲུལ་གྱི་བརྒྱུད་རིམ་ནང་མི་༡༧༠ལྷག་འཆུག་གསོད་བྱས་ནའང་ཁོ་ཚོས་དེ་ཁ་གཡར་ནས་རྒོལ་ལན་དྲག་པོ་བསྐྲད་མྱོང་མེད། སྐབས་དེར་དྲག་ལས་ཀྱི་སྦྱོར་བ་རེ་འགའ་བརྩམས་པའང་ཡོད་ཚད་རང་སྲུང་གི་ཆེད་ཡིན་པའོ། ནུབ་གླིང་གི་མཚོ་བསྐྱོད་རུ་ཁག་གིས་རྗེས་ལུས་ཀྱི་ས་གནས་དེ་དག་ཏུ་བཙན་དང་དབང་གིས་སྦྱོར་ངན་ལག་ཏུ་བསྟར་བ་སྟེ། དཔེར་ན། ཧྥེ་གླིང་གི་མཚོ་འགྲམ་ཁག་ཏུ་བྲན་གཡོག་ཉོ་ཚོང་མང་དུ་བྱས་པས། དེ་ལ་སྐབས་དེར་བྲན་གཡོག་མཚོ་ཁ་ཞེས་ཀྱང་འབོད། ཁོ་ཚོས་ཧིན་རྡུ་དང་ཨ་རབ་ཀྱི་གྲུའི་རུ་ཁག་དང་འགད་གཏོར་བྱས་པ་དང་། ཧིན་རྡུ་དང་ཡ་གླིང་གི་ཤར་ལྷོའི་ས་ཁུལ་དུ་མགོ་གཡོག་མགོ་བསྐོར་གྱི་ཚོང་གི་བྱ་ལས་མང་དུ་སྤེལ། དེ་ལྟར། ཧིན་རྡུ་རྒྱ་མཚོའི་གཡས་གཡོན་ནི་ཁོ་ཚོས་ཤར་ཕྱོགས་མིའི་རྔུལ་ཁྲག་གིས་བསླངས་པའི་རྒྱུ་ནོར་ཧམ་བསྡུ་བྱེད་པའི་བསྟི་གནས་ལྟ་བུར་གྱུར། 
       ②ཀྲུང་གོའི་མཚོ་བསྐྱོད་དེ་ཕྱི་གླིང་ལས་དུས་རབས་ཕྱེད་ཀ་ལྷག་གིས་སྔ་བ་དང་། རྒྱ་ཁྱོན་ཡང་ནུབ་གླིང་ལས་ལྡབ་འགྱུར་གྱིས་ཆེ། དེ་ལའང་རྒྱུ་རྐྱེན་ཡོད་དེ། ཀྲིན་ཧི་རུ་ཁག་བསྐྱོད་པའི་གནས་དེ་དག་ནི་ཏག་ཏག་ཁོ་ཚོ་ལ་རྒྱུས་མངའ་ཡོད་པའི་མཚོ་ཁོངས་ཡིན་པ་དང་གཅིག ཁོ་ཚོ་བསྐྱོད་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་ཟིལ་ཤུགས་ངོམ་ཆེད་པ་དང་གཉིས་སོ། རྒྱུས་ལོན་ལྟར་ན། ཀྲིན་ཧིའི་རུ་ཁག་ལ་མཚོ་གྲུ་༢༠༠ལྷག་ཡོད་པ་དང་། གྲུའི་ཆེ་ཆུང་ལའང་ཆེས་ཆེ་བ་རིང་ཚད་སྨི་༡༣༠་དང་ཞེང་ཚད་སྨི་༥༠ལ་བུད་ཡོད་ཅིང་མི་འབོར་ཁྲི་གཉིས་ལས་བརྒལ་ཡོད་སྐད། དེ་དང་བསྡུར་ན།ནུབ་གླིང་གི་མཚོ་བསྐྱོད་དཔུང་སྡེའི་རྒྱ་ཁྱོན་ནི་ཤིན་ཏུ་ཆུང་སྟེ། མཚོ་གྲུ་༢༠ཙམ་ལས་མེད་ཅིང་མི་འབོར་ཡང་༡༥༠༠ལས་བརྒལ་མེད་ཚོད་རེད། དེ་ལའང་རྒྱུ་རྐྱེན་ཡོད་དེ། ཁ་ཚོ་བསྐྱོད་པའི་མཚོ་ཁོངས་ནི་ཏག་ཏག་ཁ་ཚོར་མཚོན་ན་རྒྱུས་མངའ་མེད་པ་དེའོ། དེས་ཕྱོགས་གཞན་ཞིག་ནས་ཁོ་ཚོའི་འཚོལ་ཞིབ་ཀྱི་སྤོབས་པ་དང་འཚོ་གནས་ཀྱི་བློ་གྲོས་གསོན་པོ་དེ་མཚོན་ཡོད་པ་རེད། 
       བཞི། མཚོ་འགྲུལ་གྱི་མཇུག་འབྲས་དང་ཤུགས་རྐྱེན།
       ༡ ཀྲུང་གོའི་མཚོ་འགྲུལ་ལ་རྒྱུན་བསྲིངས་རང་བཞིན་གྱི་དཔལ་འབྱོར་སྟོབས་ཤུགས་དང་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མེད་རྐྱེན། མཇུག་མཐར་རྒྱུན་སྐྱོང་མ་ཐུབ་པར་མཚམས་བཞག་མེད་པ་རེད། ནུབ་གླིང་གི་མཚོ་འགྲུལ་ལ་དེ་ལས་ལྡོག་སྟེ་དཔལ་འབྱོར་ཁེ་ཕན་གྱི་རྒྱབ་རྟེན་ཡོད་ཅིང་ཤིན་ཏུ་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཀྱང་ཡོད་པས། མཚོ་འགྲུལ་ལས་དོན་ཉིན་རེ་ལས་ཉིན་རེར་འཕེལ་རྒྱས་སུ་ཕྱིན། 
       ༢ ཀྲུང་གོའི་མཚོ་འགྲུལ་ནི་སྲིད་གཞུང་གི་ངའོ་སྙམ་པའི་འདུ་ཤེས་འོག་ལེགས་སྐྱེས་གྱ་ནོམ་པ་ཕྱིར་བརྫངས་པའི་རྣ་མ་པ་ཞིག་ཡིན་པས། དེ་ནི་རིན་མཉམ་བརྗེ་རེས་ཀྱི་དཔལ་འབྱོར་ཆོས་ཉིད་དང་འགལ་ཡོད། རྒྱལ་ཁབ་ཀྱི་ཆབ་སྲིད་དཔལ་འབྱོར་གསར་བརྗེ་ལ་ཕན་ཐོགས་ཡེ་ནས་མེད་ཕྱིར། བཟོ་ལས་གསར་བརྗེ་ཐེངས་དང་བོ་སོགས་ཀྱི་གོ་སྐབས་ཀྱང་འཆོར་དུ་བཅུག་པ་རེད། ནུབ་གླིང་གི་མཚོ་བསྐྱོད་དེ་ནི་ཚོང་ཟོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་ཞིང་། དེ་ལས་ཚོང་ལས་གསར་རྗེ་དང་ཏིན་གོང་གསར་བརྗེ་སོགས་བྱུང་དུ་བཅུག་སྟེ།ནུབ་ཕྱོགས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཉམས་རྒུད་དང་མ་རྩ་རིང་ལུགས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་མི་དམན་པ་བཞག
       ༣ ཡང་ཕྱོགས་གཞན་ཞིག་ནས་ཀྲིན་ཧིའི་མཚོ་བསྐྱོད་དེས་ཡ་ཧྥེའི་མི་དམངས་དང་ཀྲུང་གོའི་མི་དམངས་བར་གྱི་འབྲེལ་བ་དམ་ཟབ་ཏུ་བསྒྱུར་ཞིང་ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་ཀྱང་ཅུང་ཟད་ཇེ་མཐོར་བཏང་། དེང་སྐབས་ཧིན་རྡུ་ཉི་ཞི་ཡ་དང་ཐའེ་གོ སའོ་མ་ལི་སོགས་རྒྱལ་ཁབ་དུ་འདིའི་སྐོར་གྱི་རྗེས་དྲན་ཤུལ་བཞག་དངོས་རྫས་དང་དགོན་པ་སོགས་ཀྱང་མཐོང་རྒྱ་ཡོད་པ་དེས། ཀྲིན་ཧིའི་འདྲ་མཉམ་ཞི་བདེའི་འབོད་སྐུལ་དེས་རྗེས་རབས་ལ་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པ་མཚོན། ཡིན་ནའང་ནུབ་གླིང་གི་མཚོ་འགྲུལ་བ་དེ་དག་གིས་ཡ་ཧྥེ་མེ་གླིང་ས་ཁུལ་དུ་བཙན་ཤེད་ཀྱིས་མི་སེར་སྤེལ་ཞིང་། དམར་གསོད་དང་མནར་གཅོད་ཡ་ང་བ་བྱས་མྱོང་བས་རྗེས་རབས་པར་འཁོན་སེམས་དང་སྡུག་ཡུས་ཀྱི་འདུ་ཤེས་ཀྱང་བཞག་ཡོད་པ་རེད།
       མདོར་ན། ཀྲུང་ནུབ་ཀྱི་མཚོ་འགྲུལ་ཐེངས་དེ་གཉིས་ཀྱིས་ང་ཚོ་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་མོད། དེ་དག་གི་མཚོ་བསྐྱོད་ཁྲོད་ངོམ་པའི་སྤོབས་པ་དང་བློ་གྲོས་སོགས་ལ་ང་ཚོས་རྗེས་སུ་ཡི་རང་བྱེད་འོས་པ་དང་། ཚད་ངེས་ཅན་ཞིག་ནས་དཔལ་འབྱོར་འཛམ་གླིང་ཅན་དུ་བསྐྱོད་པར་རྨང་གཞི་ཟབ་མོ་ཞིག་བཏིངས་ཡོད་པའང་ཞོར་དུ་ངེས་དགོས་སོ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།