སྐུ་དྲག་གི་སྙིང་སྟོབས་གླེང་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 15/04/14

སྐུ་དྲག་གི་སྙིང་སྟོབས་གླེང་བ།
གཅན་ཚ་བཀྲ་ཤིས་རྒྱལ། ༼རྨ་ལྷོ་ཁུལ་མི་རགས་སློབ་འབྲིང་།༽

       ང་ཚོ་རྒྱུན་ལྡན་གྱི་མིའི་ཀླད་པའི་ནང་དུ་སྐུ་དྲག་ཅེས་པའི་མིང་བརྡ་འདིར་གོ་བ་བཟང་ཤོས་ཤིག་ལེན་ཀྱིན་ཡོད།དེས་མཚོན་པ་ནི་བག་མེད་རྒྱས་སྤྲོས་དང་རྙིང་ཞེན་བག་འཁུམས་ཤིག་ཡིན་པར་འདོད་ཡོད། ལྷག་པར་དུ་རང་རྒྱལ་ལ་མཚོན་ན། རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་སུ།མཐའ་གཅིག་ཏུ་སྐུ་དྲག་གི་རིགས་སུ་གྱུར་བ་དག་མི་ངན་དུ་བརྩིས་ཏེ།སྦོར་ངན་སྣ་ཚོགས་ལག་ཏུ་བསྟར་བའང་ཡོད། དོན་དངོས་སུ། དེ་ཁོ་ན་ཙམ་ཞིག་མ་ཡིན་ཏེ། སྐུ་དྲག་ལ་མ་གཞི་ནས་རྙེང་ཞེན་གྱི་ཆ་ལྡན་ཡང་། དེ་ལ་ཁྱད་དབང་ཡོད་པ་དང་སྦྲགས། དེར་བསྟུན་གྱི་སྤོབས་པ་དང་འགན་འཁུར། གཟི་བརྗིད། བློ་གྲོས་སོགས་ཀྱང་ཡོད་པ་རེད། 
        སྐུ་དྲག་གི་སྤོབས་པའི་སྐོར།
        ལེ་ཧྥུ་ཐོ་ཨེར་སི་ཐེའི་དམག་འཁྲུག་དང་ཞི་བདེ་ཡི་ནང་། ཨན་རྡི་ལ་ན་ཕོ་ལོན་གྱི་བཙན་འཛུལ་ལ་རྒོལ་བའི་དམག་འཁྲུག་ཏུ་ཞུགས་སྐབས། ཁོའི་ཨ་ཕས་ཁོ་ལ་ཁྱོད་ནི་འཐབ་ར་ནས་ཕྱིར་ཡོང་མེད་ན་ངའི་སེམས་སྡུག་མོད། གལ་ཏེ། འཐབ་ར་ནས་སྐུ་དྲག་བུ་རྒྱུད་ཅིག་གི་ལ་རྒྱ་འཆོར་ཚེ། ངའི་སེམས་ཤིན་ཏུ་སྐྱོ་ངེས་ཞེས་བཤད། མཐར་ཨན་རྡི་ལ་ཟེར་བ་དེས་ཀྱང་གཡུལ་ས་ནས་རང་སྲོག་བློས་བཏང་བ་རེད། འདི་ལྟ་བུའི་གནས་ཚུལ་རང་རྒྱལ་གྱི་ལོ་རྒྱུས་སུའང་མང་པོ་མཇལ་རྒྱུ་ཡོད་དེ། དཔེར་ན། ཆིན་སྔོན་མའི་དུས་སྐབས་སུ་སྐུ་དྲག་ཚང་མ་དྲག་རྩལ་པ་ཡིན་ལ། བུ་ཡོད་དོ་ཅོག་དམག་མི་ཡིན་དགོས་ཀྱི་ཡོད། ཡང་ཙོ་དེབ་ཐེར་དང་རྒྱལ་སྐད་ཅེས་པར་སྐུ་དྲག་ཡིན་ན་དམག་རྒྱག་ཞུགས་ཐུབ་ཀྱིན་ཡོད་ལ། ཐ་ན་ཁྲུན་ཆིའུ་དུས་མཇུག་གི་ཁུང་ཧྥུ་ཙིའང་མདའ་གྲི་མདུང་གསུམ་གྱི་རྩལ་ལ་ཤིན་ཏུ་བྱང་བར་བཤད།
       སྐུ་དྲག་གི་འགན་འཁུར་བ་དང་གཟི་བརྗིད་ལ་བསྙེགས་པའི་སྐོར།
       དབང་ཤུགས་ཀྱིས་འགན་ཁུར་ཚུར་སྣང་བྱས་ཡོད་ཅེས་པ་ལྟར། ནུབ་གླིང་གི་མཚོ་འགྲུལ་ལ་ངག་ཐོག་གི་གཏན་འབེབས་ཤིག་ཡོད་པ་ནི། མཚོ་ཐོག་ཏུ་དོན་རྐྱེན་ཞིག་བྱུང་ཚེ་གྲུ་དཔོན་ངེས་པར་དུ་ཆེས་ཐ་མར་འགྲོ་དགོས་ཞེས་བསྒྲགས་ཡོད། གནའ་རབས་སུ་སྐུ་དྲག་ནི་གྲུ་དཔོན་དང་འདྲ་བར་ཁྱད་དབང་ལོངས་སུ་སྤྱོད་པ་དང་སྦྲགས་གནད་འགག་གི་སྐབས་སུ། རྒྱལ་ཁབ་དང་མགོ་བདག་གི་ཆེད་རང་སྲོག་བློས་བཏང་བའི་གཏམ་རྒྱུད་ཀྱང་གང་མང་ཞིག་ཡོད། རང་རྒྱལ་གྱི་ལོ་རྒྱུས་སུའང་། སྤྱི་ལོ་སྔོན་གྱི་༥༤༡ལོའི་དམག་འཇགས་ཚོགས་ཆེན་གྱི་སྟེང་།ལུའུ་རྒྱལ་ཁབ་ཀྱི་འཐུས་ཚབ་མི་སྣ་སུན་པོ་བྱ་བ་ཕ་རོལ་བས་ལྐོག་གསོད་བྱ་རྩིས་ཡོད་པ་གྲོགས་ཤིག་གིས་ཚོར་ནས་ཁོ་ལ་བརྡ་བཏང་བར། ཁོས་ལན་དུ། ང་ནི་རྒྱལ་ཁབ་ཀྱི་ཆེད་དུ་འདིར་འོངས་པ་ཡིན་ལ། རྒྱལ་ཁབ་ཀྱི་ཆེད་དུ་འདིར་འཆིའང་ཕོད། ད་རེ་བ་ཉག་གཅིག་ཡོད་པ་ནི། ང་འཆི་བ་འདིས་ངའི་རྒྱལ་ཁབ་ཀྱི་བགེགས་བར་ཆད་ཅུང་ཟད་སེལ་ཐུབ་པའི་སྨོན་ལམ་དེའོ།ཞེས་བཤད་པའོ། འདི་ནི་བླ་ན་མེད་པའི་འགན་ཁུར་དང་གཟི་བརྗིད་ཅིག་ཅི་ལ་མིན། འཆི་བའི་མདུན་དུ་གཟི་བརྗིད་ལ་བསྙེགས་པ་ནི་དངོས་གནས་ལས་སླ་མོ་ཞིག་ག་ལ་ཡིན། ཨ་རིའི་གློག་བརྙན་གྲགས་ཅན་《ཐའེ་ཐན་ཉི་ཁི་ཧོ》་ཞེས་པས་ང་ཚོ་ལ་བསུབ་ཐབས་མེད་པའི་སྣང་བརྙན་ཞིག་བཞག་ཡོད་པ་ནི། གྲུ་མཚོ་ནང་དུ་ཡོངས་སུ་ནུབ་རག་བར། གྲུ་གཅམ་སྟེང་གི་རོལ་མོ་རུ་ཁག་གིས་མཉམ་དཀྲོལ་རོལ་དབྱངས་རྒྱུན་ཆད་དུ་མ་བཅུག་པ་དེ་རེད། འདི་ནི་སྐུ་དྲག་སྙིང་སྟོབས་ཀྱི་འགྲེལ་བཤད་ཆེས་བཟང་ཤོས་དེ་ཡིན་སྲིད། འདིས་ང་ཚོ་ལ་བཤད་ཡོད་པ་ནི།འཆི་བ་གང་ཞིག་སྤྱིར་བཏང་གི་གསོན་པ་ལས་རླབས་ཆེ་ཞིང་བརྟན་བརླིང་དང་གཟི་བརྗིད་ཀྱིས་ཕྱུག་པ་དེའོ། རང་རེའི་བོད་ཀྱི་བོད་ཀྱི་ལོ་རྒྱུས་སུའང་དཔའ་མཛངས་གཉིས་ཕོད་ཀྱི་སྐུ་དྲག་གི་ལོ་རྒྱུས་བགྲང་ལས་འདས་པ་ཞིག་བཤད་རྒྱུ་ཡོད་ལ། དེ་དག་གིས་རང་གི་བླ་ན་མེད་པའི་ཁྱཡད་དབང་དང་ཐོབ་ཐང་གི་ཆེད་དུ་འཇིག་རྟེན་ན་མཐོང་དཀོན་པའི་བྱ་བའི་རིགས་ཀྱང་བསྒྲུབས་མྱོང་ཡོད་པ་རེད། དཔེར་ན། ཁྱུང་བོ་སྤུངས་ཟད་ཟུ་ཙེས་རང་གི་བསམ་ངན་ཕྱིར་བརྟོལ་བ་ཤེས་རྗེས། འཕྲལ་མར་བུ་ལ་རང་གི་མགོ་གཅོད་དུ་བཅུག་སྟེ། རྒྱལ་བོའི་མདུན་སར་ཕུལ་དུ་བཅུག་ཅིང་། དེས་ཁོ་ཚང་གི་སྐུ་དྲག་ཁྱིམ་རྒྱུད་སྲུང་སྐྱོབ་བྱེད་ཐུབ་སོང་བ་ལྟ་བུའོ། ཡང་བོད་སིལ་བུའི་དུས་ཀྱི་སྐབས། ས་སྐྱ་བའི་དཔོན་ཆེན་ཀུན་དགའ་བཟང་བོར་གཞན་གྱིས་བསྙོན་བཙུགས་ཏེ། འགྲོ་མགོན་འཕགས་པ་བཀྲོངས་མཁན་ཞེས་བརྗོད་ནས་སྲོག་ཁྲིམས་གཅོད་པའི་ཉིན། ཡོངས་གྲགས་སུ་བསྙོན་བཙུགས་ཟེར། བདེན་མིན་ད་དུང་དཔྱད་པའི་རྒྱུ། ཁོས་ལུས་ལ་ལྭ་དཀར་བོ་ཞིག་གྱོན་ཞིང་། མགོར་ཞྭ་ནག་པོ་ཞིག་གྱོན་ཏེ་འོངས། དེའང་དེང་སྐབས་ཀྱང་བོད་ཀྱི་ཁ་དཔེར་རྒྱུན་འབྱམས་སུ་སོང་བའི་མི་དཀར་དཀར་ལ། ཞྭ་ནག་ནག་བསྐོན།ཞེས་པ་སྟེ། ཡོངས་སུ་བསྙོན་བཙུགས་ཟེར་བ་དང་འདྲའོ། འཆི་བའི་མདུན་སར། ཁོ་ལ་འདི་འདྲའི་དཔའ་སྤོབས་དང་གཟི་ཉམས་ཤིག་མཆིས་པ་ནི་སྐུ་དྲག་ལས་མ་འདས་སོ། གཞན་ཡང་། ཉེར་རབས་སུ་བོད་ཀྱི་སྐུ་དྲག་མང་བོ་ཞིག་གིས་རང་གི་ཁྱིམ་རྒྱུད་དེ་མི་ཐོར་བའི་ཕྱིར། ཕུ་ནུ་ཟུང་གིས་ཆུང་མ་གཅིག་ལེན་པའི་སྲོལ་ཡོད་ལ། དེས་དངོས་གནས་ཕུ་ནུ་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་སོགས་ལ་ཕན་ཐོགས་ཡོད་རབས་ཀྱང་མང་དུ་བཤད་ཡོད། སྐུ་དྲག་ལ་ད་དུང་འགྲན་རྩོད་ཀྱི་འདུ་ཤེས་ཀྱང་དྲག་པོ་ཞིག་ཡོད་དེ། རང་ལ་རྒྱུད་འཛིན་པ་བཟང་བོ་ཞིག་ཡོང་ཆེད། བུ་ཕྲུག་དག་ཕྱི་ནང་གང་རུང་ལ་སློབ་གཉེར་དུ་བཏང་ཞིང་དེ་ལ་མཐོང་ཆེན་དང་མ་རྩ་མང་བོ་གཏོང་ངེས། དེ་དག་ལས་ལ་ལ་ནི་རང་གི་ཁྱིམ་རྒྱུད་ཕན་ཆད། མི་རིགས་སྤྱི་དང་རྒྱལ་ཁབ་ལ་གོ་ཆོད་པའི་འཇོན་ཐང་མི་སྣར་གྱུར་བའང་ཡོད།
       མདོར་ན། སྐུ་དྲག་གིས་རང་གི་སྙན་གྲགས་དང་ཐོབ་ཐང་། ལ་རྒྱ། གཟི་བརྗིད་སོགས་ཀྱི་སླད་ཡོད་ཚད་བླས་གཏོང་ཕོད་ལ། འཆི་བར་ཐུག་ནའང་གསོན་ན་སྟོབས་དང་ལྡན་པར་གསོན། ཤི་ན་གཟི་བརྗིད་ལྡན་པར་ཤི་ཞེས་པའི་ཀུན་སློང་ངམ་ཆོད་སེམས་བརྟན་པོ་ཡོད་པ་རེད། ཉམས་རྒུད་དུ་གྱུར་བའི་སྐུ་དྲག་དང་དེའི་བུ་རབས་ཚ་རྒྱུད་ཀྱི་སེམས་སུའང་ང་གླ་བྱེད་མཁན་མིན། གླ་བྱེད་ཡུལ་ཚང་གི་ཡིན། སྙམ་པའི་ཁེངས་སེམས་དང་ཨུ་ཚུགས་ཡོད་པ་རེད། གང་ལྟར། སྐུ་དྲག་གི་བྱུང་བ་ནི་དུས་རབས་ཀྱི་སྔོན་བསྐྱོད་ཅིག་ཡིན་ལ། སྐུ་དྲག་གི་ཉམས་རྒུད་ཀྱང་དུས་རབས་ཀྱི་ཕྱིར་སྣུར་ཞིག་གཏན་ནས་མ་ཡིན། དེ་བས་ང་ཚོས་སྐུ་དྲག་དང་སྐུ་དྲག་འདྲ་བའི་ལོ་རྒྱུས་ཀྱི་མིང་བརྡ་གང་མང་ཞིག་ལ་བློ་གཟུར་བོས་དཔྱད་འཇོག་བྱ་དགོས་པ་ལས། བཤད་ཡམས་དང་གཏམ་རྒྱུད་འབའ་ཞིག་གམ་། དགའ་སྐྱོ་ཆགས་སྡང་གི་སྐད་ཆ་འདྲ་བཤད་ན། དོན་དང་མི་མཐུན་ལ་ངེས་དོན་གྱི་འབྲས་བུ་རྡོག་རྡོག་ཅིག་ཀུན་ནས་རྙེད་མི་སྲིད་དོ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།