ཚད་ལྡན་གྱི་སློབ་ཆུང་དགེ་རྒན་ཞིག་ཏུ་འགྱུར་བར་ཇི་ལྟར་བྱ་དགོས་པའི་ལྟ་ཚུལ་འགའ་རོབ་ཙམ་བརྗོད་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 10/12/24

སྤྱི་སྲས༼ཨ་མགོན༽      

       སྤྱིར་སློབ་ཆུང་གི་དགེ་རྒན་ཞིག་ལ་མཚོན་ན་སློབ་མ་ཞིག་སྐྱེད་སྲིང་བྱེད་པར་ཡང་སློབ་མའི་ཕྱིའི་ཀུན་སྤྱོད་དང་ནང་གི་བསམ་བློ་། ཤེས་རིག་སོགས་ཕྱོགས་ཡོངས་ནས་སྐྱེད་སྲིང་བྱ་རྒྱུ་ནི་ཐོག་མའི་དུས་རིམ་ཡིན་པས། ང་ཚོས་སློབ་ཆུང་སློབ་མའི་དྭངས་གཙང་གི་བློ་ཡི་ཞིང་ས་གཤིན་པོར། ཐོག་མར་ས་བོན་ལེགས་པོ་ཞིག་འདེབས་རྒྱུ་དེ་ནི་ང་ཚོའི་འོས་འགན་རེད་ལ། དེའང་ཆུ་མགོ་ནས་རྙོག་ན་དྭངས་ཐབས་མེད་ཅེས་པའི་དཔེ་ལྟར། ཆེས་ཐོག་མའི་སློབ་གསོའི་ས་བོན་ནི་ཆེས་གཙོ་གལ་ཆེ་བ་ཞིག་སྟེ། དེ་ཡང་སློབ་གསོ་རིག་པ་ལས། སློབ་ཆུང་གི་སློབ་གསོ་དེ་སློབ་གསོ་ཧྲིལ་བོའི་རྨང་གཞི་ཡིན་ཞེས་དང་། སློབ་ཆུང་སློབ་གསོས་བྱིས་པ་སྐྱེ་འཕེལ་གྱི་ཁྲོད་དུ་ཐོག་མའི་བློ་སྒོ་འབྱེད་པའི་ནུས་པ་འདོན་གྱི་ཡོད་ཅེས་པས། སློབ་ཆུང་གི་སློབ་གསོའི་གལ་ཆེན་རང་བཞིན་བརྗོད་པ་ལྟར། རང་ཉིད་ཀྱི་ཕྲག་ཏུ་བབས་པའི་བྱ་བཞག་འདིའི་གལ་ཆེན་རང་གཞིན་གྱི་ངོ་བོ་རྟོགས་ཏེ། ཆེས་རྩ་བའི་རྨང་གཞི་ཡག་པོ་ཞིག་འདིང་རྒྱུ་ནི་ཚད་ལྡན་དགེ་རྒན་ཞིག་ཏུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཡང་རེད། དེའི་ཕྱིར་འདིར་སློབ་ཆུང་དགེ་རྒན་ཞིག་ལ་མཚོན་ན་སློབ་ཁྲིད་སློབ་གསོའི་བྱ་བའི་ཁྲོད་ངེས་པར་དུ་བསྒྲུབ་དགོས་པ་དང་ཚང་དགོས་པའི་གནད་འགའ་གླེང་བར་བྱའོ།། 
      དང་པོ། མེས་རྒྱལ་དང་མི་དམངས་ལ་བློ་དཀར་ཞིང་མི་རིགས་སློབ་གསོར་ཤ་ཞེན་ཆེ་དགོས། 
      སློབ་ཆུང་སློབ་མ་ནི་ལུས་སེམས་གཉིས་ཀ་ཡར་སྐྱེད་འབྱུང་བའི་དུས་ཡིན་པས། སློབ་མར་བྱ་དངོས་གང་ལའང་མཚར་སྣང་ཆེ་ཞིང་། ཡོན་ཏན་ཐོབ་འདོད་ཤུགས་དྲག་པ་དང་། རྣམ་རིག་གསལ་ཞིང་ཀླད་པ་མྱུར་བའི་ཁྱད་ཆོས་ལྡན་ཕྱིར། དགེ་རྒན་གྱིས་གོ་སྐབས་བཟང་བོ་འདི་བེད་སྤྱོད་གང་ལེགས་བྱས་ཏེ། སློབ་མར་མེས་རྒྱལ་ལ་དགའ་བ་དང་མི་དམངས་ལ་དགའ་བ། ངལ་རྩོལ་ལ་དགའ་བ། ཚན་རིག་ལ་དགའ་བ་བཅས་ཀྱི་སློབ་གསོ་བཏང་ནས། ཕུགས་བསམ་ལྡན་པ་དང་ཀུན་སྤྱོད་ལེགས་པ། སྒྲིག་ཁྲིམས་བརྩི་བ། སློབ་སྦྱོང་ལ་བརྩོན་པའི་གོམས་གཤིས་ཡག་པོ་ཞིག་ཆགས་པའི་སློབ་མ་བཟང་པོ་ཞིག་ཏུ་སྐྱེད་སྲིང་བྱེད་པར་ཡང་རྨང་གཞི་ལེགས་པོ་བཏིང་ན། སློབ་ཆུང་གི་དུས་སྐབས་ནི་བྱིས་པར་མཚོན་ན་ཁོ་ཚོར་ཡིད་འཛིན་ཧ་ཅང་བཟང་བའི་དུས་ཡིན་སྟབས། ཡུན་རིང་བོར་སེམས་ལ་འཛིན་ཐུབ་པར་མ་ཟད། གོམས་གཤིས་ཆགས་སླ་ལ་སེམས་ནས་འབོར་མི་ཐུབ་པར་མ་ཟད་ཕྱིས་འབྱུང་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་དུའང་། རོགས་འདེགས་ཀྱི་ནུས་པ་ཆེན་པོ་འདོན་ཐུབ་པ་དང་སློབ་སྦྱོང་སོགས་ཕྱོགས་ཡོངས་ལ་ཕན་འབྲས་ཆེན་པོ་ལྡན་ངེས། དེ་བས་དགེ་རྒན་གྱིས་གསེར་དང་མཚུངས་པའི་གོ་སྐབས་འདི་ཆུ་ཟོས་སུ་མི་གཏོང་བར་འདིའི་རིན་ཐང་ངེས་པར་དུ་རྟོགས་དགོས་པ་དེའོ།། 
       གཉིས་པ། ངང་རྒྱུད་རིང་ཞིང་སློབ་གསོ་གཏོང་བའི་ཐབས་ལ་མཁས་དགོས། 
       སློབ་ཆུང་དགེ་རྒན་ནི་བྱིས་པར་མཚོན་ན་ཆེས་ཐོག་མར་སློབ་གྲྭའི་སློབ་གསོ་མྱོང་བར་འཇུག་མཁན་ཡིན་ཕྱིར། དགེ་རྒན་གྱིས་གཤིས་རྒྱུད་འཇམ་ཞིང་ངང་རྒྱུད་རིང་བའི་ངང་ནས་སློབ་གསོ་བཏང་ཏེ། སློབ་མའི་དོན་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཐུགས་བརྩེ་བའི་ངང་ཁ་ཏ་བསླབ་བྱའི་ཚུལ་གྱིས་སློབ་མར་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་ཕྱིར་རྟག་ཏུ་སློབ་མའི་གྲས་སུ་ཞུགས་ཐུབ་ན། སློབ་མའི་ཕྱོགས་ཡོངས་ནས་ཡར་བསྐྱེད་དུ་འགྲོ་བའི་རྒྱུ་རུ་འགྱུར་ངེས་ཡིན། ང་ཚོས་དེ་ལས་ལྡོག་སྟེ་སློབ་མ་དང་བར་ཐག་རིང་ན་སློབ་མའི་དོན་དངོས་མི་ཤེས་པ་མ་ཟད། སློབ་མར་རྒྱུས་ལོན་དང་གསལ་ཆ་མེད་པས། སློབ་མའི་སློབ་འབྲས་བཟང་མིན་ཙམ་གྱིས་སློབ་མར་ལྟ་ཚུལ་འཛིན་པའམ། ཡང་ན་སློབ་མས་སློབ་སྦྱོང་དང་སྒྲིག་ལམ། ཀུན་སྤྱོད་ཀྱི་ཕྱོགས་གང་རུང་ནས་ནོར་འཁྲུལ་རེ་བཟོས་ནའང་དེར་མི་དགའ་བའི་རྣམ་འགྱུར་བསྟན་ཏེ་ལུས་ཆད་གཅོད་པ་དང་། སྡིགས་མོ་དང་ཟུར་ཟ། མཐོང་ཆུང་སོགས་བྱས་ན་ལུས་སེམས་ཡར་སྐྱེད་དང་རང་བཀུར་གྱི་བསམ་བློ་ལ་གནོན་ཤུགས་ཐེབས་ནས། ཁོ་ཚོ་ནམ་ཡང་བསམ་བློ་བག་འཁུམ་དུ་གྱུར་ཏེ་གསར་རྟོགས་དང་གསར་གཏོད་ཀྱི་ནུས་པ་ལ་ཡང་གནོད་པ་ཚབ་ཆེན་བཟོ་སྲིད་པ་མ་ཟད། སློབ་སྦྱོང་ལ་སུན་སྣང་སྐྱེས་ཏེ་སློབ་བྱོལ་བྱེད་པའི་ངང་ཚུལ་འབྱུང་སྲིད། ང་ཚོས་དེར་དོ་གལ་དང་མཉམ་འཇོག་བྱེད་དགོས་ལ་བསམ་གཞིག་སྒྲོན་དགོས་པའི་གནས་ཞིག་མ་རེད་དམ། དེའི་ཕྱིར་དགེ་རྒན་ཞིག་ཡིན་ན་ཕྱོགས་ཡོངས་ལ་བསམ་བློ་གཏོང་སྐྱེན་པོ་ཞིག་དང་། ཕྱོགས་གང་ཐད་ལ་ཤེས་བྱ་འཇོན་པོ་ཞིག་ལྡན་ཚེ། སློབ་མའི་མིག་སྔར་ཁྱེད་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ཏུ་བརྩིས་ནས་ཁོ་ཚོས་ནམ་ཡང་ཁྱེད་ལ་མིག་དཔེ་བྱེད་ངེས། རྒྱུ་མཚན་ནི་སློབ་ཆུང་སློབ་མར་ལད་ཟློས་བྱེད་པར་དགའ་བས། དགེ་རྒན་གྱིས་རྟག་ཏུ་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་སོགས་ཕྱོགས་གང་ཐད་ལ་ཐུགས་མཉམ་འཇོག་རྒྱུ་ནི་ཧ་ཅང་གལ་ཆེའོ།
       གསུམ་པ། ཤེས་བྱ་ཕུན་སུམ་ཚོགས་ཤིང་འཆད་པའི་ཐབས་ལ་མཁས་དགོས། 
       དེ་ཡང་སློབ་གསོ་རིག་པ་ལས་སློབ་ཆུང་གི་དགེ་རྒན་ནི་ཤེས་རྒྱ་ཆེ་ཞིང་ཡོན་ཏན་སྣ་མང་འཛོམ་པའི་ཤེས་ལྡན་མི་སྣ་ཡིན་དགོས་ཞེས་པ་ལྟར། སློབ་ཆུང་དགེ་རྒན་གྱིས་ཕྱོགས་ཡོངས་ནས་སློབ་ཆུང་སློབ་མ་སྐྱེད་སྲིང་བྱེད་པའི་འགན་ཁུར་ཡོད་པས། ཁྲིད་ཚན་གཙོ་བོ་གཞིར་བྱས་པའི་སྟེང་ནས་ཁྲིད་ཚན་ཕལ་བ་འགའ་ཡང་ཁྲིད་དགོས་པ་མ་ཟད། ཕྱོགས་མང་པོར་བློ་སྦྱོང་དང་འཇོན་ཐང་ལྡན་དགོས། ང་ཚོས་རང་ཉིད་ཀྱི་རིགས་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ནམ་ཡང་དཔེ་ཆ་སྣ་མང་ལ་བལྟས་ཏེ་རང་ཉིད་ཀྱི་ཆུ་ཚད་ཇེ་མཐོར་བཏང་ན། གཅིག་ནས་རང་ཉིད་ཀྱི་ལྟ་རྒྱ་མཐོས་རྒྱ་ཇེ་མཐོར་སོང་ནས་མི་གཤིས་དང་བསམ་སྦྱོར་གང་གི་ཐད་ནས་ཀྱང་ཡར་སྐྱེད་འབྱུང་ལ། གཉིས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་འགྲོ་བའི་གྲོགས་སུ་འགྱུར་བ། གསུམ་ནས་དགེ་དཔེར་གཞན་སྟོན་གྱིས་སློབ་མར་སྐུལ་ལྕོགས་ཐེབས་ཏེ་སློབ་སྦྱོང་ལ་དགའ་བའི་བསམ་པའི་འདུ་ཤེས་སྐྱེད་སྲིང་བྱེད་ཐུབ་པས། དགེ་རྒན་ལ་ཤེས་བྱ་སྣ་མང་གི་ཕྱུག་པ་ནི་དགེ་རྒན་ཚད་ལྡན་ཞིག་ཏུ་འགྱུར་བའི་སྔོན་འགྲོའང་ཡིན། གོང་གི་ཆ་རྐྱེན་དེ་དག་ཚང་བའི་སྟེང་ནས། སློབ་ཁྲིད་བྱེད་པའི་ཐབས་ཤེས་འཛོམ་པོ་ཞིག་དགོས་པ་དེ་ཡང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས། ལག་ལེན་དངོས་ཀྱི་ཁྲོད་དུ་སྦྱོང་བརྡར་བརྒྱུད་དེ་ཉམས་མྱོང་བསགས་ནས་འདོར་ལེན་བྱེད་རྒྱུ་བཅས་སོ།། 
       བཞི་བ། སྡུག་རུས་ཆེ་ཞིང་བདག་བས་གཞན་གཅེས་ཀྱི་ལྷག་བསམ་ལྡན་དགོས། 
       སྤྱིར་སློབ་ཆུང་དགེ་རྒན་གྱི་བྱ་བ་ནི་དཀའ་ཚེགས་ཆེ་ཞིང་གཟི་བརྗིད་ལྡན་པའི་བྱ་བཞག་ཅིག་ཡིན་པ་སྨོས་མ་དགོས་ནའང་། ལྷག་པར་དུ་ཞག་འདུག་སློབ་ཆུང་གི་དགེ་རྒན་ནི་དེ་བས་ཀྱང་དཀའ་ཚེགས་ཆེ་བ། ཞག་འདུག་སློབ་ཆུང་གི་དགེ་རྒན་ཚོའི་སེམས་ན་ཁྲིག་ཁྲིག་ཡིན་ངེས་རེད། རྒྱུ་མཚན་ནི་གསར་དུ་ཞུགས་པའི་ཞག་འདུག་སློབ་ཆུང་གི་སློབ་མའི་དངོས་ནས་བཤད་ན། གཅིག་ནས་ལོ་ན་ཆུང་བས་རང་གིས་རང་ལ་བདག་སྐྱོང་བྱེད་པའི་ནུས་པ་ཞན་སྟབས་གཞན་གྱི་བདག་སྐྱོང་མཁོ་བ་དང་། གཉིས་ནས་ཕ་ཡུལ་དང་བྲལ་ནས་ཆེས་ཐོག་མར་སློབ་གྲྭའི་སྒོ་ཐེམ་དུ་སྤོས་པའི་གོམ་པ་དང་པོ་ཡིན་ཕྱིར་སེམས་ཧ་ཅང་གཉོམ་པས་བརྩེ་སེམས་མཁོ་བ་རེད། ང་ཚོ་ཞག་འདུག་སློབ་ཆུང་གི་དགེ་རྒན་ཞིག་ལ་མཚོན་ན། སློབ་སྦྱོང་གི་དངོས་ཐད་ནས་བཤད་ན་སློབ་མའི་དགེ་རྒན་ཡིན་དགོས་ལ། འཚོ་བའི་བདེ་སྡུག་གི་དངོས་ཐད་ནས་བཤད་ན་སློབ་མའི་ཕ་མའང་ཡིན་དགོས། ང་ཚོ་ཞག་འདུག་སློབ་ཆུང་གི་དགེ་རྒན་ནི་སྤྱིར་བཏང་གི་སློབ་ཆུང་དགེ་རྒན་ཞིག་དང་བསྡུར་ཐབས་བྲལ། དེ་ནི་ཁོ་ཚོ་དང་ང་ཚོའི་བར་ཁྱད་རེད། ང་ཚོས་སློབ་ཁྲིད་བྱེད་ཤེས་པ་ཙམ་གྱི་མི་ཆོག་པར་ད་དུང་ཉིན་མཚན་བར་མེད་དུ། སློབ་མ་ནི་རང་གི་བུ་བཞིན་སེམས་ཁུར་བྱེད་ཐུབ་པའི་སྡུག་རུས་ཤིག་དང་བསམ་པའི་ཀུན་སློང་ཁྱད་པར་བ་ཞིག་མེད་ཚེ། རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ལྕི་མོ་དེ་འགྲུབ་སྲིད་ཀྱི་མ་རེད། དེ་ན་ང་ཚོ་རང་ཉིད་ཀྱི་བྱ་བཞག་འདི་ལ་དགའ་བའི་ལྷག་བསམ་ཞིག་དང་། དཀའ་སྤྱད་སྡུག་རུས་བྱེད་ཐུབ་པའི་བདག་བས་གཞན་གཅེས་ཀྱི་སེམས་པ་བླ་མེད་ཅིག་ལྡན་རྒྱུ་ནི། ཞག་འདུག་སློབ་ཆུང་གི་དགེ་རྒན་ཚད་ལྡན་ཞིག་ཏུ་འགྱུར་བའི་རྩ་བའི་ཆ་རྐྱེན་རེད་སྙམ་མོ།། 
       མཇུག་བསྡུ་བའི་གཏམ། 
       སྤྱིར་སློབ་ཆུང་གི་དགེ་རྒན་ཞིག་ཡིན་ན་སློབ་མའི་རང་གཤིས་དང་དགའ་ཕྱོགས། བསམ་པའི་འཁྱེར་སོ་སོགས་སྣ་གང་ཐད་ནས་ལྟ་ཞིབ་དང་རྒྱུས་ལོན་གང་ལེགས་བྱས་ཏེ། ཁོ་ཚོའི་དགའ་ཕྱོགས་སྐྱེད་སྲིང་དང་ཕྱོགས་ཡོངས་ནས་ཚད་ལྡན་གྱི་མི་རབས་གསར་བ་ཞིག་ཏུ་འགྱུར་བར་རང་ནུས་ཡོད་རྒུ་འདོན་རྒྱུ་ནི་ང་ཚོ་ཚང་མའི་སྤྱི་མཐུན་གྱི་བྱ་བ་རེད། མདོར་ན། ཚད་ལྡན་གྱི་དགེ་རྒན་ཞིག་ཏུ་འགྱུར་བར་ང་ཚོར་ལྷག་བསམ་ཆེ་ཞིང་བདག་བས་གཞན་གཅེས་ཀྱི་བསམ་པ་མངའ་བ་དང་། ཕུགས་འདུན་རིང་ཞིང་བློ་ཕུགས་བརྟན་པ། ཤེས་རིག་འཛོམ་ཞིང་སློབ་མའི་བདེ་སྡུག་ལ་དོ་ཁུར་བྱེད་པ། གཞུང་རྒྱུད་དྲང་ཞིང་ངང་རྒྱུད་རིང་བ། སློབ་མར་སློབ་གསོ་གཏོང་མཁས་ཤིང་ཡིད་འགུག་དང་། དང་བ་འདྲེན་པའི་རང་གཤིས་རྣལ་མ་ཞིག་ཏུ་ཆགས་པར་བརྩོན་ལེན་བྱེད་པ་བཅས་ལྡན་ན། ད་གཟོད། ཁྱེད་ནི་དུས་རྟག་ཏུ་སློབ་མའི་སེམས་ཁོངས་ན་ནམ་ཡང་གཞན་དོན་དུ་འབར་བའི་ལམ་སྟོན་གྱི་སྒྲོན་མེ་ལགས་ལ། རང་ཉིད་ཀྱི་བྱ་བ་ལ་ཡང་འགན་ཁུར་བ་རེད། དེ་ལྟ་བུའི་དགེ་རྒན་ནི་སྤྱི་ཚོགས་དང་མི་རིགས་ལ་མཁོ་བའི་ཚད་ལྡན་གྱི་དགེ་རྒན་ལགས་སོ།།
       སྨྲས་པ།     མི་རིགས་སློབ་གསོར་དཔྱད་པའི་རྣམ་དཔྱོད་ནི་མེད་ཀྱང་།།
                མི་ལོ་དུ་མ་སློབ་གསོའི་ཁྲིད་སྟེགས་ནས་ཟད་པས།། 
                མི་རིགས་སློབ་གསོར་དུངས་པའི་མྱོང་ཚོར་འགའ་བརྗོད་དེ།།
                མི་རབས་རྗེས་མར་ཨེ་ཕན་ལྷག་བསམ་གྱིས་བྲིས་སོ།།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།