དགེ་རྒན་ནམ་སློབ་ཁྲིད་དགེ་རྒན་གྱི་ལས་གནས་འགན་འཁྲི།

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 11/01/26

གཅན་ཚ་རྫོང་ཆ་ཚང་སློབ་ཆུང་གཉིས་པ། གཅན་རྣམ་ཐར།

       གཅིག དགེ་རྒན་གྱི་འགན་འཁྲི། 
       ༡ དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་བཟོ་སྐྲུན་མཁན་དང་། སློབ་མའི་ཡིད་ཤེས་བཟོ་བཀོད་བྱེད་མཁན་བཅས་ཡིན། སློབ་གསོའི་ལས་དོན་ལ་དགའ་བ་དང་། དགེ་སློབ་ཡོངས་ལ་ཁ་ཕྱོགས་སྟེ། སློབ་ཁྲིད་ཀྱི་རྩ་འཛིན་ལ་བརྩི་སྲུང་བྱེད་པ། མུ་མཐུད་དུ་སློབ་ཁྲིད་བྱ་ཐབས་བཅོས་སྒྱུར། འབད་པ་ཆེན་པོས་སློབ་ཁྲིད་འགན་ཁུར་ཡོངས་འགྲུབ་བྱས་ཏེ་སློབ་ཁྲིད་རྒྱུ་སྤུས་མཐོར་འདེགས་སུ་གཏོང་ཅི་ཐུབ་བྱེད་དགོས།
       ༢ སློབ་སྐབས་རེའི་འཆར་གཞི་དམིགས་འབེན་གསལ་བོར་གཏན་འཁེལ་བྱེད་པ་དང་། བསླབ་ཚན་ཚད་གཞི་ལ་ཟུར་ལྟ། སློབ་གཞིའི་ནང་དོན་གོ་བ་ལོན་པར་བྱེད་པ། སློབ་ཁྲིད་མྱུར་ཚད་ནི་ཚད་དང་མཐུན་པར་བཀོད་སྒྲིག་བཅས་བྱས་ནས། སློབ་མའི་ཁྱད་ཆོས་གཙོ་བོ་གཞིར་བཟུང་སྟེ་འོས་འཚམས་བབ་བསྟུན་གྱི་སློབ་ཁྲིད་བྱེད་ཐབས་བེད་སྤྱོད་གང་ལེགས་སུ་གཏོང་དགོས།
       ༣ སློབ་ཁྲིད་གྲ་སྒྲིག་བྱེད་སྐབས། སློབ་ཐུན་རེ་རེ་ཡི་སློབ་ཁྲིད་དམིགས་ཚད་ཁ་གསལ་ཞིང་། གཙོ་གནད་གཙོར་བཟུང་ནས་དཀའ་གནད་འབུར་ཐོན་ཡོང་བར་བྱེད་པ་དང་། སློབ་གཞིའི་ནང་དོན་ཁོང་དུ་ཆུབ་པར་བྱས་ཏེ། སློབ་མའི་རང་འགུལ་རང་རྟོགས་ལ་བསམ་གཞིགས་བཏང་ནས་སེམས་རྣལ་མོའི་སྒོས་ཁྲིད་གཞི་ཇུས་འགོད་བྱེད་དགོས། སློབ་ཁྲིད་བྱེད་པའི་སྐབས་སུ། རྨང་གཞི་ཤེས་བྱ་དང་རྩ་བའི་གོ་དོན་ལ་མཐོང་ཆེན་བྱས་ཏེ་འཆད་ཁྲིད་གནང་ནས་སློབ་མའི་རྨང་གཞི་རྩལ་ནུས་སྐྱེད་སྲིང་དང་། སློབ་མའི་བསམ་གཞིགས་ནུས་པ་འཕེལ་རྒྱས་སུ་གཏོང་དགོས་པ་ལས། སླ་ཁྲིད་དཀའ་སྐྱུར་རམ“རྒན་པོ་སོ་མེད་ཀྱིས་ཟས་ཟ་བ”ལྟ་བུའི་སློབ་ཁྲིད་བྱེད་སྟངས་དང་། ཡང་ན་རང་གི་ཤེས་ཚད་ལྷུག་པར་འཆད་པ“ཨ་མ་གླེན་མས་བུ་ཕྲུག་བསྙོར་བ”ལྟ་བུའི་སློབ་ཁྲིད་བྱེད་སྟངས་སོགས་མེད་པར་གཏོང་དགོས།
        ༤ སློབ་མའི་ལས་བྱ་ཁ་གྲངས་འབྲེལ་ཡོད་གཏན་འཁེལ་ལྟར་འོས་ཤིང་འཚམས་པར་བཀོད་སྒྲིག་བྱེད་པ་དང་། ལས་བྱ་ལ་དུས་ལྟར་དག་བཅོས་ཡོ་བསྲང་དང་། སློབ་བསྟུན་འཆད་ཁྲིད་དང་། བརྩེ་བ་ཟབ་མོས་གསབ་ཁྲིད་གནང་དགོས།
        ༥ སློབ་མར་སེམས་ཁུར་དང་། སློབ་མར་བརྩི་འཇོག་བྱེད་པ་གཞི་རྩ་བཟུང་ནས། དགེ་རྒན་གྱི་སློབ་སྟོན་བྱེད་ནུས་དང་སློབ་མའི་སློབ་སྦྱོང་ལ་རང་བདག་བྱེད་པའི་ནུས་པ་གཉིས་ཟུང་དུ་འབྲེལ་བར་བྱས་ཏེ། སློབ་མའི་གཙོ་གཞིའི་གོ་གནས་ལ་བརྩི་འཇོག་དང་། སློབ་མའི་གཙོ་གཞིའི་འདུ་ཤེས་སྐུལ་སྤེལ། སློབ་མའི་རང་ཤུགས་ཀྱིས་སློབ་སྦྱོང་བྱེད་པའི་ཧུར་སེམས་སྐུལ་སློང་བཅས་བྱས་ནས་དམངས་གཙོ་འདུ་ཤེས་དང་ཞབས་འདེགས་འདུ་ཤེས་ཤིག་ཆགས་སུ་འཇུག་དགོས།
        ༦ སློབ་མར་ལུས་ཆད་གཅོད་པ་དང་རྣམ་པ་འགྱུར་བའི་ལུས་ཆད་གཅོད་སྟངས་གཏན་འགོག་བྱེད་དགོས།
       ༧ སློབ་ཁྲིད་ལ་དུས་ལྟར་འགྲོ་བ་དང་། སྔ་ལོག་འཕྱི་འབྱོར་མི་བྱེད་པ། སློབ་ཁང་སློབ་ཁྲིད་བྱེད་པའི་སྐབས་སུ་མགྲོན་པོར་ཐུག་འཕྲད་སྣེ་ལེན་མི་བྱེད་པ། དུ་བ་མི་འཐེན་པ། ཁ་པར་གཏོང་ལེན་མི་བྱེད་པ། ཚགས་པར་སོགས་ལ་མི་ལྟ་བ་བྱེད་དགོས་པ་མ་ཟད། དགེ་རྒན་གྱི་མཐའ་གཅིག་ཏུ་ཆང་མི་འཐུང་བ་དང་རྒྱལ་སྐུགས་ཤོ་རྒྱག་གི་ལས་ལ་མི་ཞུགས་པར་བྱེད་དགོས།
       ༨ དགེ་རྒན་གྱིས་ནམ་ཡང་ལས་རིགས་ཀུན་སྤྱོད་ཀྱི་ཚད་གཞི་ལ་བརྩི་སྲུང་ནན་མོ་བྱས་ཏེ། རང་ཉིད་ལ་རེ་བ་ནན་མོ་དང་། སྒྲིག་ཁྲིམས་སྣ་ཚོགས་ལ་བརྩི་སྲུང་བྱས་ནས། རང་དཔེ་གཞན་སྟོན་བྱེད་ཐུབ་པའི་ལྟ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས།
        ༩ གཟའ་འཁོར་རེའི་ལས་རེས་དགེ་རྒན་གྱིས་ངེས་པར་དུ་གཟའ་མཇུག་ལ་ཡང་དག་པའི་སྒོ་ནས་སྤྱི་སྡོམ་བྱེད་པ་དང་། གལ་ཏེ་བློ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ཚེ། དུས་ཚོད་ལས་མ་གཡོལ་བར་རིམ་པ་གོང་མར་ཡར་ཞུ་དང་གནས་ཚུལ་དངོས་གསལ་བཤད་བྱེད་དགོས།
        ༡༠ སློབ་གྲྭས་བླུ་ཉོ་བྱས་པའི་ཚགས་པར་མི་སྒེར་གྱི་གང་འདོད་དུ་མི་འཁྱེར་བར། སྒོ་སྲུང་གིས་དུས་ལྟར་བླངས་རྗེས་སློབ་གཙོ་གཞུང་ལས་ཁང་ལ་སྤྲོད་དགོས།
        གཉིས། དཔེ་ཁྲིད་དགེ་རྒན་གྱི་ལས་གནས་འགན་འཁྲི། (《གཅན་ཚ་རྫོང་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་རེ་འདུན་གཏན་འཁེལ》གཞི་བཅོལ་བ་ཡིན།)
      (གཅིག)སློབ་ཁྲིད་གྲ་སྒྲིག
       ༡ དགེ་རྒན་གྱིས་ངེས་པར་དུ་བསླབ་ཚན་ཚད་གཞི་དང་། སློབ་དེབ་དང་སློབ་མའི་དོན་དངོས་གཞི་བཅོལ་ནས། སློབ་སྐབས་སློབ་ཁྲིད་འཆར་གཞི་དང་། མྱུར་ཚད་འཆར་གཞི། སློབ་མའི་ཡིག་ཚགས་བཅས་ནན་ཏན་སྒོས་བྲིས་ནས་བེད་སྤྱོད་ལག་ཏུ་བསྟར་དགོས།
       ༢ ངེས་པར་དུ་ནན་ནན་ཏིག་ཏིག་གིས་བསླབ་ཚན་དང་། སློབ་གཞི། སློབ་མའི་གནས་ཚུལ་དངོས་དང་ཟུང་སྦྲེལ་བྱས་ཏེ། སློབ་ཐུན་གྲ་སྒྲིག་ཁ་ཚང་བ་དང་སྤུས་དག་ཚད་ལྡན་ཡིན་པའི་ཁྲིད་གཞི་བཟང་བོ་ཞིག་འབྲི་དགོས། ཁྲིད་གཞི་ནང་དོན་གཤམ་ལྟར་ཇུས་འགོད་བྱེད་རྒྱུ། 
      (༡)སློབ་ཁྲིད་དམིགས་ཡུལ་དང་དམིགས་ཚད། (ངོས་འཛིན། བརྩེ་སེམས། རྩལ་ནུས།)(༢)སློབ་ཁྲིད་ཚད་ཐོན་ཚད་འཇལ། (༣)སྔོན་འགྲོའི་ཚད་འཇལ། (༤)དམིགས་ཚད་གཏན་འཁེལ། (༥)སློབ་ཁྲིད་བྱ་འགུལ། (༦)ཚད་ཐོན་སྒྲིག་སྲོལ། (༧)ལས་བྱ་བཀོད་སྒྲིག (༨)ཁྲིད་མཇུག་ཟིན་བྲིས། (༩)སྒོ་སམ་བཀོད་སྒྲིག་བཅས་སོ། །
       ༣ གཞི་རྩའི་སྟེང་བསླབ་ཚན་ཚད་གཞི་དང་སློབ་དེབ་ཀྱི་ནང་དོན། ད་དུང་ཟུར་ལྟའི་དཔྱད་གཞིའི་དགོངས་དོན་ལྟར། ཁེར་རྐྱང་གི་བསམ་གཞིགས་བཏང་ནས་ཁྱད་ཆོས་འབུར་ཐོན་ཡོང་བའི་ཁྲིད་གཞི་འབྲི་དགོས་པ་རེད། རྨང་གཞི་འདི་དག་གི་སྟེང་ནས་ཟླ་རེར་ཐེངས་གཉིས་ཀྱི་ཐུན་མོང་གི་སློབ་ཁྲིད་གྲ་སྒྲིག་བྱེད་པར་ཧུར་བརྩོན་སྒོས་ཞུགས་སྟེ། མི་གཞན་གྱི་སྔོན་ཐོན་ཉམས་མྱོང་ལྡན་པའི་སློབ་ཁྲིད་གྲ་སྒྲིག་ནང་འདྲེན་བྱེད་གང་ཐུབ་བྱས་ནས་རང་གི་བྲིས་པའི་ཁྲིད་གཞི་ལ་དག་བཅོས་དང་། ཁ་གསབ། མཐོར་འདེགས་སུ་གཏོང་ཅི་ཐུབ་བྱེད་དགོས།
       (གཉིས)སློབ་ཁྲིད།
        ༡ དགེ་རྒན་གྱིས་སློབ་ཁྲིད་མ་ཚོགས་གོང་གྲ་སྒྲིག་གང་ལེགས་བྱེད་དགོས་པ་རེད། ནམ་ཡང་སྔ་ལོག་འཕྱི་འབྱོར་མི་བྱེད་པ་དང་། སློབ་ཁྲིད་སྐབས་སློབ་ཁང་སློབ་ཁྲིད་ལ་ཁ་མི་འབྲལ་བ(མགྲོན་པོར་ཐུག་འཕྲད་དང་སྣེ་ལེན་མི་བྱེད་པ། ཁ་པར་གཏོང་ལེན་མི་བྱེད་པ་སོགས་འདུས།)སློབ་ཐུན་དུས་ཚོད་ལྟར་གྲོལ་དགོས།
       ༢ སློབ་སྟོན་དོ་དམ་ལ་ཤུགས་སྣོན་བྱས་ཏེ། སློབ་ཁང་སློབ་ཁྲིད་སྒྲིག་སྲོལ་བཟང་བོ་རྒྱུན་འཁྱོངས་བྱས་ནས་རྗེས་ལུས་སློབ་མ་སློབ་ཁྲིད་ལས་ཟུར་ཕུད་མི་བྱེད་པ་མ་ཟད། དེ་ལས་སློབ་མར་ལུས་ཆད་མི་གཅོད་པ་བྱེད་དགོས།
       ༣ ངེས་པར་དུ་དམིགས་ཡུལ་གསལ་བོར་ཡིན་པ་དང་། གཙོ་གནད་འབུར་ཐོན། དཀའ་གནད་ཐག་གཅོད་བཟང་བོ་བྱེད་ཐུབ་པའི་སློབ་ཁྲིད་ཡིན་དགོས་པ་མ་ཟད། སློབ་དེབ་དང་ཟུང་འབྲེལ་བྱས་ནས་བསམ་བློའི་སློབ་གསོ་ཤུགས་སྣོན་གཏོང་དགོས།
       ༤ སློབ་གསོ་བྱེད་ཐབས་ལེགས་སྒྱུར་བྱེད་པར་མཐོང་ཆེན་བྱས་ནས། སློབ་ཁང་སློབ་ཁྲིད་ཁྲོད་དུ་དགེ་རྒན་ནི་གཙོ་ཁྲིད་དང་། སློབ་མ་ནི་གཙོ་གཞི། སྦྱོང་བརྡར་ནི་གཙོ་སྐུད་ཡིན་པའི་རྩ་དོན་ཁོ་ནར་གྱུར་དུ་བཅུག་སྟེ། ནམ་རྒྱུན་དགེ་རྒན་གྱི་གཙོ་ཁྲིད་ནུས་པ་དང་། སློབ་མའི་གཙོ་གཞི་ནུས་པ་ཡིན་པར་ཤུགས་རྐྱེན་ཐེབས་སུ་བཅུག་ནས། སློབ་ཁང་སློབ་ཁྲིད་ཀྱི་དམིགས་ཚད་ཁྲོད་དུ། དགེ་རྒན་ནི“འཁྲབ་ཁྲིད་པ”དང་སློབ་མ་ནི“འཁྲབ་སྟོན་པ”རུ་འགྱུར་དུ་འཇུག་དགོས།
        ༥ སློབ་ཁང་སློབ་ཁྲིད་སྒྲིག་སྲོལ་ལ་མཉམ་འཇོག་བྱས་ཏེ། ཧུར་བརྩོན་གྱིས་སློབ་ཐུན་སྐབས་ཀྱི་སློབ་ཁྲིད་ལེགས་བཅོས་བྱེད་པ་དང་། སྤྱིའི་ཆ་ནས་ཤེས་བྱ་དང་རྩལ་ནུས། ཡིད་འགྱུར་དང་རྣམ་འགྱུར། གོ་རིམ་དང་ཐབས་ཤེས་བཅས་ཀྱི་ཕྱོགས་བསྡུས་བྱེད་པར་བསམ་བློ་གཏོང་ཞིང་། བློ་སྒོ་འབྱེད་པ་དང་བགྲོ་གླེང་བྱེད་པའི་རྣམ་པ་ཅན་གྱི་སློབ་ཁྲིད་དར་སྤེལ་གཏོང་དགོས།
       ༦ སྒོ་སམ་བཀོད་སྒྲིག་ནི་གནད་བསྡུས་གྲལ་དག་ཡིན་དགོས་ལ་ཇུས་འགོད་ལུགས་མཐུན་ཡིན་པ་དང་། ཡིག་གཟུགས་ཀྱང་ཚད་ལྡན་འབྲི་དགོས། རྒྱའི་སྐད་ཡིག་སློབ་ཁྲིད་བྱེད་སྐབས་སྐད་ཆ་སྤྱི་སྐད་བཀོལ་དགོས་པ་དང་། གསར་འབྱེད་རང་བཞིན་དང་བྲོ་ལྡན་རང་བཞིན་གྱི་ཕྱུག་པ་ལས། སློབ་ཁྲིད་དང་འབྲེལ་བ་མེད་པའི་ཁུངས་མེད་ཉོག་གཏམ་མི་བྱེད་པའོ།།
      (གསུམ)ལས་བྱ་དང་དག་བཅོས། 
       ༡ ལས་བྱའི་ཁ་གྲངས། ལས་བྱ་བཀོད་སྒྲིག་ཚད་དང་རན་པ་དང་། སྤུས་དག་ཡིན་དགོས་པ་བྱས་ཏེ། སློབ་མའི་འགན་ཁུར་ཇེ་ཡང་དུ་གཏོང་དགོས། (༡)བོད་ཡིག་དང་། རྒྱའི་སྐད་ཡིག གྲངས་རིག་བཅས་ལ་གཟའ་འཁོར་རེར་ལས་བྱའི་ཁ་གྲངས་བཞི་རེ་དགོས། (༢)བོད་རྩོམ་དང་རྒྱ་རྩོམ། ལོ་རིམ་དང་པོར་སྐད་ཆ་འཆད་པའི་སྦྱོང་བརྡར་གཙོ་འཛིན་པ། ལོ་རིམ་གཉིས་པས་གཟའ་འཁོར་རེར་སྐད་ཆ་རེ་འབྲི་བ། ལོ་རིམ་གསུམ་པ་དང་། བཞི་བ། ལྔ་བ། དྲུག་པ་བཅས་ཀྱིས་གཟའ་འཁོར་རེར་རྩོམ་ཡིག་གཅིག་རེ་འབྲི་བ་དང་། ཉིན་ཐོ་འབྲི་བར་རང་གི་གཏན་འཁེལ་བྱེད་དགོས། (༣)ཡིག་གཟུགས་སློབ་ཁྲིད་སློབ་ཐུན་གྱི་བཀོད་སྒྲིག་ལྟར་ལས་བྱ་འབྲི་བ་དང་། སློབ་ཐུན་གཞན་དག་སློབ་དེབ་ཀྱི་ནང་དོན་གཞིར་བཟུང་ནས་ཚད་ཉུང་བའི་ལས་བྱ་བཀོད་སྒྲིག་བྱས་ཆོག (༤)ཉིན་རྒྱུན་གྱི་ཁྱིམ་གྱི་ལས་བྱའི་ཚད་དུས་ཚོད་གཅིག་ལས་བརྒལ་ནས་འབྲི་རྒྱུ་ཡོད་པའི་ལས་བྱ་བཀོད་སྒྲིག་བྱས་མི་ཆོག
       ༢ སློབ་མའི་ལས་བྱ་ལ་དུས་ལྟར་སེམས་རྣལ་མོ་དང་ཡང་དག་པའི་སྒོ་ནས་དག་བཅོས་བྱེད་དགོས་ལ། སློབ་མར་ངར་ཤུགས་རྒྱས་པ་དང་ཡར་བསྐྱེད་ཡོང་བའི་དཔྱད་ཚིག་འབྲི་བ་དང་། སློབ་མའི་རྩོམ་ཡིག་བཟོ་བཅོས་ཀྱི་དཔྱད་འཇོག་ལ་མཐོང་ཆེན་བྱེད་དགོས།
       ༣ རྩིས་གཞི་ནོར་བ་དང་། ཡིག་ནོར་བྱུང་ཡོད་པ་ལ་མཐའ་གཅིག་ཏུ་ནོར་བཅོས་བྱེད་དགོས་པའི་རེ་བ་འདོན་དགོས།
      (བཞི)རྗེས་ལུས་སློབ་མར་གསབ་ཁྲིད་བྱེད་པ།
        ༡ སྔོན་ཐོན་སློབ་མ་དང་རྗེས་ལུས་སློབ་མའི་དབྱེ་བ་གསལ་བོར་བགར་རྗེས། དོན་དངོས་དང་མཐུན་པའི་སྒོ་ནས་དངོས་སུ་ཁ་གཏད་ཆོག་པའི་གསབ་ཁྲིད་འཆར་གཞི་འགོད་དགོས། གསབ་ཁྲིད་བྱེད་སྟངས་ལ་འཆར་གཞི་ཡོད་པའི་གསབ་ཁྲིད་དང་། ཐུན་མོང་གི་གསབ་ཁྲིད། ཁ་ཐོར་གསབ་ཁྲིད། སློབ་ཕྱིའི་གསབ་ཁྲིད། ཁྱིམ་ཚང་གསབ་ཁྲིད། སློབ་ཐུན་ནང་གི་གསབ་ཁྲིད་བཅས་རྣམ་པ་སྣ་ཚོགས་ཡོད་པ་དེ་གང་ལ་གང་འཚམ་སྒོས་ལག་བསྟར་བྱས་ནས། རྗེས་ལུས་སློབ་མའི་འགྱུར་ཕྱོགས་ལྟར་ཟིན་ཐོ་ཞིབ་ཅིང་ཕྲ་བ་འགོད་དགོས། ༢ སློབ་ཐུན་བྱ་རིམ་གཞིར་བཟུང་ནས་བསླབ་ཁག་དགའ་སྣང་ཚོ་ཆུང་རྩ་འཛུགས་དང་། སློབ་མར་ཕན་ཚུན་གསབ་ཁྲིད་བྱེད་པ། སློབ་མའི་བསླབས་ཕྱིའི་བྱ་འགུལ་སྤེལ་བར་མཛུབ་སྟོན་གནང་དགོས། ༣ ཕྱོགས་ཡོངས་ནས་མཐར་ཕྱིན་སློབ་མར་བསྐྱར་སྦྱོང་བཟང་བོ་ཞིག་བྱེད་དུ་འཇུག་ཆེད། གཟའ་འཁོར་རེར་གསབ་ཁྲིད་ཉིན་གཅིག་ལ་བྱེད་དགོས།(གསབ་ཁྲིད་དངུལ་མེད)
      (ལྔ)གྲུབ་འབྲས་དཔྱད་འཇོག རྒྱུགས་ལེན་པ་དང་། རྒྱུགས་ལེན་ཞིབ་བཤེར་རྒྱུན་དུ་ལག་བསྟར་བྱེད་པ་དང་། ཁ་དམ་པ་དང་ཁ་ཕྱེ་ནས་འབྲི་བའི་རྒྱུགས་ལེན་རྣམ་པ་བེད་སྤྱོད་གཏོང་བ་དང་། ཡང་ན་ཁ་རྒྱུགས་དང་ལག་ལེན་བཀོལ་སྤྱོད་སོགས་ཀྱི་རྣམ་པ་སྤྱོད་དགོས། སློབ་སྐབས་སློབ་ཁྲིད་འཆར་གཞི་གཞིར་བཟུང་ནས། ནན་ཏན་སྒོས་སྡེ་ཚན་རྒྱུགས་ལེན་པར་བྱས་ནས་གྲུབ་འབྲས་དཔྱད་འཇོག་ལ་ཤུགས་སྣོན་གཏོང་དགོས། བར་རྒྱུགས་དང་མཇུག་རྒྱུགས་བླངས་རྗེས་ནན་ནན་ཏིག་ཏིག་གིས་སྤུས་ཚད་དབྱེ་ཞིབ་བྱས་ཏེ་གྲུབ་འབྲས་དེབ་སྟེང་དུ་འབྲི་དགོས།
       (དྲུག)དགེ་རྒན་གྱིས་ལྟ་ཚུལ་བསྒྱུར་བ་དང་ཡོན་ཏན་གསར་བསྒྱུར་བྱས་ཏེ། རང་གི་ཕྱོགས་བསྡུས་ཀྱི་ཡོན་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། གསར་གཏོད་ཡོད་པའི་སྒོ་ནས་སློབ་གཞི་ལ་གོ་བ་ལེན་པ་དང་བཀོལ་སྤྱོད་བྱེད་པ་དང་། ཧུར་བརྩོན་གྱིས་བསླབ་ཚན་གྱི་ཐོན་ཁུངས་འདོན་སྤེལ་བྱེད་ཅིང་། གང་ལ་གང་འཚམ་གྱིས་སློབ་ཁྲིད་ཀྱི་འཐབ་ཇུས་སྣ་ཚོགས་བཀོལ་སྤྱོད་བྱེད་ལ། སློབ་མར་ལག་ལེན་གྱི་ཁྲོད་དུ་སློབ་སྦྱོང་བྱེད་ཤེས་པར་འཁྲིད་སྟོན་བྱེད་དགོས། 
       (བདུན)འཛིན་གྲྭའི་ཀྲུའུ་རེན་ལ་རོགས་འདེགས་བྱས་ནས་སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་སློབ་མའི་བླ་ན་མེད་པའི་ཀུན་སྤྱོད་དང་སྐྱོན་བྲལ་གྱི་མཛེས་རྟོག་འདུན་པ་སྐྱེད་སྲིང་བྱས་ཏེ། ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་ཡར་བརྩོན་གྱི་མི་ཚེའི་རྣམ་འགྱུར་ཆགས་པར་བྱེད་དུ་འཇུག་དགོས། ཁྱིམ་ཚང་ལ་བཅའ་འདྲི་བྱེད་དུ་འགྲོ་བར་གཙོ་བོར་བཟུང་ནས། སློབ་མའི་ཁྱིམ་བདག་ལ་འབྲེལ་གཏུགས་བྱེད་ཐུབ་པ་བྱས་ཏེ། ཕན་ཚུན་མཐུན་སྦྱོར་སྒོས་མཉམ་གཅིག་ཏུ་སློབ་གསོ་བཏང་ནས། ཀུན་སྤྱོད་དང་ཤེས་རིག གཟུགས་པོ། མཛེས་པ་བཅས་མཐུན་སྦྱོར་ངང་ནས་འཕེལ་རྒྱས་སུ་འགྲོ་བའི་སློབ་མ་ཡ་རབས་ཤིག་ཏུ་འགྱུར་ཐུབ་པ་བྱེད་དགོས་སོ།།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།