རང་སློབ་གྲྭས་སློབ་གྲོགས་ཀླུ་མོ་ཚེ་རིང་ལ་གཅེས་སེམས་གནང་བའི་རོགས་སྐྱོར་གྱི་མཛད་སྒོ་བསྡུས་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/11/06

རང་སློབ་གྲྭས་སློབ་གྲོགས་ཀླུ་མོ་ཚེ་རིང་ལ་གཅེས་སེམས་གནང་བའི་རོགས་སྐྱོར་གྱི་མཛད་སྒོ་བསྡུས་བ།

       བདེ་ཐང་ནི་མི་ཀུན་གྱི་ཡིད་སྨོན་དང་རེ་ལྟོས་བྱེད་ས་ཡིན་པ་དང་།ཁྱིམ་ཚང་གི་བདེ་སྐྱིད་དང་མི་རང་ཉིད་ཀྱི་བདེ་སྐྱིད་ཉག་གཅིག་ཡིན་པ་རེད།ཡིན་ན་འང་རང་སློབ་གྲྭའི་དམའ་འབྲིང་གསུམ་པའི་འཛིན་གྲྭ་ལྔ་བའི་སློབ་གྲོགས་ཀླུ་མོ་ཚེ་རིང་ལ་མི་འདོད་པའི་ནད་གཞི་ཞིག་གིས་ཀུན་ནས་གཙེས་ཏེ། བདེ་སྐྱིད་དང་སློབ་སྦྱོང་བྱེད་པའི་སྐལ་བ་རྩ་བ་ནས་འཕྲོགས་པ་དང་།ཁྱིམ་མི་གང་བོ་མི་འདོད་པའི་སྡུག་བསྔལ་ནང་ལྷུང་དུ་བཅུག
       སློབ་གྲོགས་ཀླུ་མོ་ཚེ་རིང་ལ་ལོ་ངོ་བརྒྱད་ལྷག་གི་སྔོན་ནས་ལུས་པོར་ཚ་རྒྱག་པ་དང་། རྟག་ཏུ་ལུས་ཕུང་མི་བདེ་བའི་ཚོར་སྣང་གིས་ཁྱབ་ཡོད།དེ་བས་ཕ་མ་གཉིས་ཀྱིས་སྨན་ཁང་གང་དུ་བསྟེན་ཀྱང་ནད་གཞི་ངོས་མ་ཟིན་པར་ད་བར་དུ་ལུས་ཤིང་།འགྲོ་སོང་གང་མང་ཞིག་བཏང་ཡང་ཕན་ཐོགས་མ་བྱུང་། ཉེ་སྔོན་ནད་གཞི་ཇེ་སྡུག་ཏུ་གྱུར་བས་ཟི་ལིང་གི་སྨན་ཁང་ཆེ་གྲས་ཤིག་ནས་ད་བཟོད་སྙིང་ནད་ཡིན་པ་ངོས་ཟིན་པ་དང་བཤགས་བཅོས་བྱེད་པར་སྒོར་ཁྲི་སུམ་ཅུ་དགོས་པར་བཤད།འོན་ཀྱང་མོའི་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན་པ་དང།ཐ་ན་འཚོ་བའི་ཁ་རྒྱབ་ཀྱི་གནད་དོན་ཡང་ཐག་གཅོད་བྱེད་དཀའ་བའི་གནས་སུ་གྱུར་བར་སྨན་རིན་ཀྱི་སྒོར་འདི་འདྲའི་མང་པོ་ཞིག་སྤྲོད་པར་དཀའ་ཁག་ཧ་ཅང་ཆེན་པོ་འདུག། 
       དེར་བརྟེན། རང་སློབ་གྲྭའི་བྱམས་སེམས་དང་སྙིང་རྗེ་ཡིས་ཕྱུག་པའི་དགེ་སློབ་ཀུན་གྱིས་སློབ་གྲོགས་ཀླུ་མོ་ཚེ་རིང་འཇིགས་རུང་གི་ནད་ལས་ཐར་བར་ཟླ་11པའི་ཚེས་3ཉིན་གཅེས་སེམས་གནང་བའི་ཞལ་འདེབས་ཕུལ་བ་དང་། ཞལ་འདེབས་ཁྲོད་མིག་སྔར་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་ཁྱོན་བསྡོམས་སྒོར11438.4གནང་ཡོད་ལ། ད་དུང་མུ་མཐུད་ཞལ་འདེབས་གནང་བཞིན་པའི་སྒང་རེད།
       མཐར་སློབ་གྲོགས་ཀླུ་མོ་ཚེ་རིང་གི་ནད་གཞི་སྔ་མོ་ནས་སངས་དྲག་ཏུ་འགྲོ་བ་དང་།ཞལ་འདེབས་ཕུལ་བའི་དགེ་སློབ་རྣམས་ཀྱི་ཁ་ལས་རླུང་རྟ་དར་བའི་བཀྲ་ཤིས་སྨོན་འདུན་ཞུ།

རང་སློབ་གྲྭས་སློབ་གྲོགས་ཀླུ་མོ་ཚེ་རིང་ལ་གཅེས་སེམས་གནང་བའི་རོགས་སྐྱོར་གྱི་མཛད་སྒོ་བསྡུས་བ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།