སློབ་རའི་རྩོམ་རིག་དེབ་ཆུང་«མྱུ་གུ»འི་སྤྱིའི་དེབ་གྲངས་ཉེར་ལྔ་བ་པར་སྐྲུན་དང་འགྲེམ་སྤེལ་བྱས།

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 14/05/16

སློབ་རའི་རྩོམ་རིག་དེབ་ཆུང་«མྱུ་གུ»འི་སྤྱིའི་དེབ་གྲངས་ཉེར་ལྔ་བ་པར་སྐྲུན་དང་འགྲེམ་སྤེལ་བྱས།

       ད་ལྟའི་བོད་ཀྱི་རྩོམ་རིག་དང་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་སམ་རིན་ཐང་ཡང་གོམ་གང་མདུན་སྤོས་ཀྱིས་འཛམ་གླིང་གི་རྩོམ་རིག་སྐྱེད་ཚལ་ཁྲོད་གང་བུའི་ཚུལ་དུ་འཛུམ་བཞིན་པའི་སྐབས་འདིར། རང་སློབ་གྲྭས་ཀྱང་གཞན་དང་འདྲ་བར་སྔོན་ཐོན་པའི་གྲས་སུ་འཚང་ཁ་རྒྱག་པ་དང་སློབ་མའི་རྩོམ་འབྲིའི་ནུས་བ་གོང་འཕེལ་གཏོང་བ། སློབ་གྲོགས་སོ་སོས་གནད་དོན་གང་རུང་ལ་བཟུང་བའི་ལང་ཕྱོགས་དང་ལྟ་ཚུལ་སྔོག་འདོན། བསམ་གཞིགས་གཏོང་སྟངས་དང་གནས་ལུགས་བརྗོད་སྟངས། དྲང་གཏམ་སྨྲ་ལུགས་ཀྱི་ཁྱད་ཆོས་དར་སྤེལ་གཏོང་ཆེད་ལོ་རེ་རེ་བཞིན་«མྱུ་གུ»སྟེ་སློབ་རའི་རྩོམ་རིག་དུས་དེབ་པར་སྐྲུན་བྱེད་བཞིན་ཡོད་པ་དང་། ད་ལྟའི་བར་དུ་སྐད་ཡིག་གསུམ་གྱི་ལམ་ནས་གསར་རྩོམ་གྱི་ལས་ལ་ཞུགས་མཁན་མང་པོ་བྱུང་བ་དང་གཟེངས་སུ་ཐོན་པའི་བརྩམས་ཆོས་སྐོར་ཞིག་ཀྱང་འཕྲོ་རིམ་འཕྲོར་བྱུང་ནས་དགེ་སློབ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
       རང་སློབ་གྲྭའི་སློབ་རའི་རྩོམ་རིག་དུས་དེབ་«མྱུ་གུ»ཡི་སྤྱིའི་དེབ་གྲངས་ཉེར་ལྔ་བ་དེ་སློབ་གཙོ་སྐར་མ་སྐྱབས་དང་ལོ་པེ་གཉིས་ཀྱི་བློ་འདོན་དང་། རྒན་འབྲུག་འབུམ་ཚེ་རིང་དང་པདྨ་རིག་འཛིན་གཉིས་ཀྱིས་གཙོ་སྒྲིག་འོག་ཟླ་ལྔ་བའི་ཚེས་བདུན་ཉིན་པར་སྐྲུན་ལེགས་འགྲུབ་བྱུང་ནས་འགྲེམ་སྤེལ་བྱས ། འདོན་ཐེངས་འདི་ཉིད་སྔོན་མ་དང་བསྡུར་ན་རྩོམ་ཡིག་ལས་མངོན་པའི་བསམ་བློའི་རིན་ཐང་དང་སྒྱུ་རྩལ་གྱི་ཁྱད་ཆོས། ཐབས་ལམ། གསར་གཏོད་སོགས་ཀྱི་ཆ་གང་ནས་བལྟས་ཀྱང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། རྩོམ་པ་པོ་སོ་སོས་རང་ཉིད་དང་ཐག་ཉེ་བའི་འཚོ་བ་ངོ་མ་དང་བརྒྱུད་མྱོང་བའི་དོན་དག་དངོས་དེ་བདེན་པ་བདེན་དྲང་གིས་བྲིས་ཡོད་པ་དང་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཤུགས་དྲག་པོར་བརྟེན་ནས་རང་རང་གི་སེམས་ཀྱི་མྱོང་བ་དངོས་སུ་བརྗོད་པ་དང་དྲང་གཏམ་ལྷུག་བརྗོད་བྱས་ཡོད་པས་རྩོམ་ཡིག་གི་རིན་ཐང་ཅུང་མཐོན་པོར་སླེབས་སུ་བཅུག་ཡོད། དེ་ལས་གཞན་ད་དུང་ཚིག་སྦྱོར་མཛེས་ཤིང་བརྗོད་བྱ་གཏིང་ཟབ་པ། གསོན་ཉམས་ལྡན་པ་སོགས་ཀྱི་ཁྱད་ཆོས་མང་དུ་ཐོན་ཀྱང་། ད་དུང་དེར་མི་འདང་ས་དང་ཞན་ཆ་མང་པོ་ཞིག་ཅིས་ཀྱང་ཡོད་ངེས་པས་མུ་མཐུད་དུ་འབད་བརྩོན་བྱས་ནས་གོམ་ཁ་རྒྱང་ལ་གཏོད་དགོས། 
       འདི་ལྟར«མྱུ་གུ»དེབ་ཆུང་འདིས་ནམ་ཡང་བསམ་བློ་གཏོང་བར་དགའ་བ་དང་རྩོམ་རིག་སྒྱུ་རྩལ་གྱི་དམ་པ་འཚོལ་བའི་སློབ་གྲོགས་དག་ལ་རང་དབང་གི་སྨྲ་བརྗོད་ཀྱི་གར་སྟེགས་ཆེན་པོ་ཞིག་བསྐྲུན་ངེས་སོ།།༼སློབ་རའི་གསར་འགྱུར་ཚོགས་པས་སྤེལ།༽

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།