སློབ་བུ་མགོན་པོ་སྟོབས་རྒྱལ་དང་ཁོའི་སྙན་རྩོམ་གྱི་དེབ་ཆུང་ཐོག་མ་སྟེ་སྟོན་མཇུག་གི་ལོ་མ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 14/05/24

སློབ་བུ་མགོན་པོ་སྟོབས་རྒྱལ་དང་ཁོའི་སྙན་རྩོམ་གྱི་དེབ་ཆུང་ཐོག་མ་སྟེ་སྟོན་མཇུག་གི་ལོ་མ།

        ཁོ་བོའི་མིང་ལ་མགོན་པོ་སྟོབས་རྒྱལ་ཞེས་འབོད་ལ། ཆུང་དུས་ནས་ར་ལུག་གི་འདུར་རྒྱུགས་དང་སྒོ་ཟོག་གི་རྨིག་རྗེའི་བར་ནས་སློབ་གྲྭར་འགྲོ་བའི་སྐལ་བ་ལྡན། ལྷན་སྐྱེས་ཤིག་གམ་ཁོར་ཡུག་ཅིག་གིས་ཡིན་པའང་ཧ་གོ་མ་སོང་མོད། དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྣུམ་པོ་ཡི་གེའི་གཟུགས་སུ་ཕབ་པར་སྤྲོའོ།།
       ཧི་མ་ལ་ཡ་མཐོ་ཞིང་བརྗིད་ལ་རྨ་རྒྱལ་སྦོམ་ར་བརྟན་ཞིང་བརླིང་། ཙེག་བསེར་རླུང་གིས་རྒྱུད་མངས་འཁྲོལ་ཞིང་ཁ་བ་ལྷ་མོས་སྟངས་སྟབས་བསྒྱུར་བའི་དུས་ཤིག་ལ་མི་བུ་ཁོ་བོ་འཇིག་རྟེན་འདིར་ཐོག་མར་མགྲོན་དུ་ཕེབས། ཁ་བའི་འདབ་མ་དང་ལྷན་དུ་འབུས་པའི་ཚེ་སྲོག་དེར་དྲིན་ཕ་མའི་དགའ་སྤྲོ་དང་ཨ་མྱེས་ཀྱི་རེ་བཞག བླ་མ་བཟང་བོའི་བྱིན་རླབས་བཅས་ཀྱིས་མིང་ལའང་མགོན་པོ་སྟོབས་རྒྱལ་ལམ་ཁོ་རང་ཉིད་ཀྱིས་ལྡོང་ཟླ་གཞོན་དུ་འབོད།
       དེ་ཡང་ལོ་ངོ་དྲུག་གི་སློབ་འབྲིང་གི་འཚོ་བའི་བགྲོད་རིམ་ཁྲོད། སློབ་གྲྭས་རྩོམ་ཡིག་འགྲན་བསྡུར་ཅི་ཙམ་སྤེལ་བ་ལ་ཁོས་དེ་ཙམ་གྱིས་ནན་ཏན་གྱིས་འབྲི་སྦྱངས་བྱས་པས་ཨང་དང་པོ་དང་གཉིས་པའི་རྟགས་མའང་བསྟུད་མར་བླངས་ཡོད། འོན་ཀྱང་ཁོ་བོས་ང་རྒྱལ་གྱི་མགོ་འཕང་གཏན་ནས་གཏད་མ་མྱོང་ལ། ཡིན་མདོག་གི་སྐྲ་ལོ་དེ་བས་ཀྱང་བཞག་མ་མྱོང་སྟེ། བོད་ཁམས་ཀྱི་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་ཁོ་རང་ཉིད་ཀྱི་སོར་མོ་རྩེན་མ་མྱོང་བས་སོ།།
       ཨ་ཕས་བཤད་ན་རྩོམ་ཡིག་ནི་གཞན་སྐྱོན་སྤངས་ཏེ་རང་སྐྱོན་འདོན་དགོས་ཟེར། ཨ་མས་བཤད་ན་རྩོམ་ཡིག་ནི་ཀུན་མཐུན་ལྟ་བ་ལྷུག་པོར་བརྗོད་པ་ལས་མི་མཐུན་ལྟ་བ་རང་སོར་འཇོག་དགོས་ཟེར། བདེན་པ་འདྲ། དངོས་ནས་བདེན་པ་འདྲ། སློབ་འབྲིང་གི་འཚོ་བར་གྱེས་ཕྱག་འབུལ་ལ་ཉེ་བའི་དུས་འདིར། ཁོ་བོས་བྲིས་པའི་《སྟོན་མཇུག་གི་ལོ་མར་》ཡང་གས་ཆག་ཤོར་བའི་བརྩེ་བ་ཕྲ་མོ་དང་རང་སྐྱོན་འགའ་ཟུར་དུ་བཏོན་ཡོད་པ་ལས། གཞན་སྐྱོན་རྫོབ་པོ་དང་སྐྱུག་བྲོའི་སྣང་ཚུལ། མི་མཐུན་ལྟ་བ་སོགས་ཅི་ཡང་མེད་པས། ཁོ་རང་ཉིད་ཀྱི་བརྗོད་འདོད་ངོ་མ་དེའང་གྲེ་བར་བསྐྱིལ་བ་ལས་འདོན་པའི་སྐལ་བ་ཧ་ཅང་ཉག་ཕྲ་བ་འདྲ། དེ་བས་གུ་དོག་གི་ཁོར་ཡུག་ལས་གུ་དོག་གི་བསམ་བློ་ཞིག་ཆགས་ལ། བཙན་ཤེད་ཀྱི་དམ་རྒྱ་ལས་ཉམ་ཆུང་གི་རྣམ་ཤེས་ཞིག་སྦྲུམ་འདུག་པས། ཉམ་ཆུང་གི་རྣམ་ཤེས་དེས་ཀྱང་《སྟོན་མཇུག་གི་ལོ་མ་》སེར་པོ་དང་ལྷན་དུ་ནམ་ཞིག་ལ་གྲེ་བར་བསྐྱིལ་བའི་བརྗོད་འདོད་དག་ཕྱི་རུ་དབྱུང་བར་རེ་ཞིང་སྒུག་གོ །

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།