《རང་གྲོལ་ཞིབ་འཇུག ---བོད་མིའི་སེམས་ནང་གི་རྡོ་རིང》ཞེས་བྱ་བའི་བོད་ཡིག་དཔེ་ཆ་པར་སྐྲུན་གནང་ཡོད་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས། རྡེབ་ཚད། སྤེལ་དུས། 10/03/08

《རང་གྲོལ་ཞིབ་འཇུག ---བོད་མིའི་སེམས་ནང་གི་རྡོ་རིང》ཞེས་བྱ་བའི་བོད་ཡིག་དཔེ་ཆ་པར་སྐྲུན་གནང་ཡོད་པ། 

       ཉེ་ལམ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་ཁྱད་མཚར་མི་སྣ་མཁས་དབང་དོན་འགྲུབ་རྒྱལ་ལགས་ཀྱི་ནུ་བོ་བློ་བཟང་ཆོས་རྒྱལ(དེང་སྐབས་རོང་བོ་དགོན་ཆེན་ཆོས་འཁོར་གླིང་གི་དགེ་འདུན་པ་ཞིག་ཡིན་ཞིང་། རྗེ་ཙོང་ཁ་པ་མཆོག་གིས་བརྩམས་པའི《བྱང་ཆུབ་ལམ་གྱི་རིམ་པ་ཆེ་འབྲིང་ཆུང་གསུམ》འདི་བློར་ཟིན་ཡོད་པའི་བོད་ཁུལ་གྱི་ཁྱད་དུ་མཚར་བའི་མི་སྣ་གཅིག་པུ་ཡིན)དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་མི་རིགས་དགེ་ཐོན་སློབ་གླིང་གི2009ལོའི་ཞིབ་འཇུག་སློབ་མ་ཆོས་འཛིན་རྡོ་རྗེ(གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཡིན)རྣམ་གཉིས་ཀྱིས་རྩོམ་བསྒྲིགས་བྱས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་གནང་བའི་དཔེ་ཆ་གསར་པ་《རང་གྲོལ་ཞིབ་འཇུག __བོད་མིའི་སེམས་ནང་གི་རྡོ་རིང》ཞེས་བྱ་བའི་བོད་ཡིག་གི་དཔེ་ཆ་དངོས་སུ་པར་སྐྲུན་གནང་ཡོད་པ་རེད། དཔེ་ཆའི་ཁྲོད་དུ་མཁས་དབང་དོན་འགྲུབ་རྒྱལ་ལ་བཅར་འདྲི་གནང་བའི་དགེ་རྒན་དང་སློབ་གྲོགས། གཉེན་ཉེ་སོགས་ཀྱི་བཅར་འདྲིའི་གནས་ཚུལ་སྐོར་དང་ལོ་དུ་མའི་རིང་ལ་མཁས་དབང་དོན་འགྲུབ་རྒྱལ་ལ་ཞིབ་འཇུག་གནང་བའི་རྩོམ་པ་པོ་དང་ཀློག་པ་པོ་སོགས་ཀྱི་བརྩམས་ཆོས་བཅུ་དྲུག་བསྡུས་ཡོད་ཅིང་། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་ངེས་པ་དོན་མཐུན་གྱི་ལམ་ནས་མཁས་དབང་དོན་འགྲུབ་རྒྱལ་ངོ་སྤྲོད་གནང་ཡོད་པ་རེད།
       གཙོ་སྒྲིག་པ་གཞོན་པ་ཆོས་འཛིན་རྡོ་རྗེ་ཡིས་ངོ་སྤྲོད་གནང་བ་ལྟར་ན། དོན་འགྲུབ་རྒྱལ་ཞིབ་འཇུག་ལྟེ་གནས་ཤིག་བཙུགས་ནས་ཆེད་དུ་དོན་འགྲུབ་རྒྱལ་གྱི་རྩོམ་རིག་བྱ་དགའ་ཞིག་འཛུགས་གྲབས་ཡོད་པ་མ་ཟད། ད་དུང《རང་གྲོལ་ཞིབ་འཇུག》གི་དཔེ་ཆ་བཅུ་གཉིས་འདོན་གྲབས་ཡོད། དཔེ་ཆ་འདི་ནི་ཆོས་སྐྱོང་གིས་རྩོམ་སྒྲིག་གནང་བའི《རང་གྲོལ་ཞིབ་འཇུག》རྗེས་ཀྱི་གྲུབ་འབྲས་ཤིག་ཀྱང་ཡིན། བོད་ཀྱི་རྩོམ་རིག་ལ་དགའ་བོ་ཡོད་པའི་ཀློག་པ་པོ་དང་ཞིབ་འཇུག་པ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ཀློག་དགོས་པའི་དཔེ་ཆ་ཞིག་རེད།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།