《སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ཁྲིད་གཞི་ལེགས་བསྡུས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 11/01/23

《སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ཁྲིད་གཞི་ལེགས་བསྡུས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

        ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་དཀོན་མཆོག་རྒྱ་མཚོས་བསྒྲིགས་པའི《སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ཁྲིད་གཞི་ལེགས་བསྡུས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས། དཔེ་ཆ་འདི་ཉིད་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་དགེ་རྒན་རྣམས་ལ་ཤིན་ཏུ་མཁོ་གལ་ཆེ་བའི་ཟུར་ལྟའི་དཔྱད་གཞི་ཞིག་རེད། མི་རིགས་གཞན་ལ་འདི་ལྟ་བུའི་དཔྱད་གཞིའི་དཔེ་དེབ་ཤིན་ཏུ་མང་ཡང་། རང་རེའི་བོད་ལ་མཚོན་ན་ཆེས་ཐོག་མར་བཏོན་པའི་དཔེ་དེབ་གསར་བ་ཞིག་རེད། འདིས་བོད་སྐད་ཡིག་གི་རྨང་གཞིའི་སློབ་གསོར་ཕན་པ་མི་ཆུང་བ་ཞིག་ཐོན་ངེས་སོ། །

         འདིར་ཀློག་མཁན་ལྷན་རྒྱས་ལ་ངོ་སྤྲོད་ཀྱི་ཚབ་དུ་དཔེ་དེབ་དེ་ཉིད་ཀྱི་《འགོ་བརྗོད》བཤུས་ཏེ་ཞུ་རྒྱུ་ལགས།
                                                                           འགོ་བརྗོད། 
         ད་ལྟ་སློབ་གྲྭ་ཆུང་འབྲིང་ཀུན་ཏུ་སྐད་ཡིག་གི་བསླབ་ཚན་གསར་བའི་རེ་འདུན་ལྟར་སློབ་ཁྲིད་བྱེད་ཐབས་སྒྱུར་བཅོས་བྱས་དང་བྱེད་བཞིན་ལགས་ནའང་། བསླབ་ཚན་གསར་བའི་བླང་བྱ་ཇི་བཞིན་ལག་ལེན་དུ་བསྟར་ཐུབ་མིན་ཅི་རིགས་མཆིས། སློབ་ཚན་ཞིག་འཁྲིད་པར་སློབ་ཁྲིད་འཆར་གཞིའམ་ཁྲིད་གཞི་རེ་ངེས་པར་མཁོ་ཞིང་། དེ་ནི་སློབ་ཁྲིད་ལག་ལེན་གྱི་གཞི་འཛིན་སའང་ཡིན་ཕྱིར། ཁྲིད་གཞི་ལེགས་པོ་ཞིག་ཡོད་ན་སློབ་ཁྲིད་ཀྱི་འབྲས་བུའང་ལེགས་པོ་ཞིག་འབྱུང་སྲིད། ང་ཚོས་དགོས་པ་དེ་འདྲར་དམིགས་ནས་རང་རེའི་སྐད་ཡིག་དགེ་རྒན་ཚོ་དང་སྒོས་སུ་སློབ་མཐར་ཕྱིན་ལ་ཉེ་བའི་དགེ་འོས་སློབ་མ་ཚོར་ཟུར་ལྟ་དང་ཉམས་མྱོང་བརྗེ་རེས་བྱེད་པར་མཐུན་རྐྱེན་རེ་སྦྱར་ཐུབ་ན་སྙམ་སྟེ། ཉིས་སྟོང་བདུན་ལོ་ནས་མདོ་དབུས་ཁམས་གསུམ་ནས་སྐད་ཡིག་གི་ཁྲིད་གཞི་བསྡུས་ཏེ་སྔ་ཕྱིར་ཉིས་བརྒྱར་ཉེ་བ་འདུས། ང་ཚོའི་ཐོག་མའི་འཆར་གཞིར་སློབ་ཆུང་དང་སློབ་འབྲིང་སོ་སོར་ཕྱེས་ནས་བསྒྲིག་འདོད་ཡོད་མོད། ལས་ཀར་བྲེལ་བ་ཆེ་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་གནས་སྐབས་སུ་སློབ་གྲྭ་ཆུང་འབྲིང་གི་ཁྲིད་གཞི་ལེགས་གྲས་ཉུང་བསྡུས་ཤིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན། ཁྲིད་གཞི་ཞེས་པ་ནི་དགེ་རྒན་གྱིས་འཁྲིད་བྱའི་དོན་གང་རུང་ཞིག་ཚུལ་ཇི་ལྟར་འཁྲིད་པའམ་བསླབ་པར་བྱ་བའི་དོན་གང་ཞིག་བློ་ལྡན་སློབ་བུ་ཚོར་ཇི་ལྟར་རྟོགས་སུ་འཇུག་པ་སོགས་ལ་དམིགས་ཏེ། སློབ་ཁྲིད་བྱེད་པར་ཐབས་གང་ཞིག་སྤྱོད་པ་དང་། དེའི་དམིགས་ཡུལ་གང་དང་། གཙོ་གནད་དང་དཀའ་གནད་གང་ཡིན་པ་དང་། དེར་སློབ་ཐུན་ཅི་ཙམ་སྤྱད་འོས་པ་སོགས་བཀོད་པའི་སློབ་ཁྲིད་ཀྱི་འཆར་གཞི་ཞིག་གམ་སློབ་ཁྲིད་ལག་ལེན་ཇི་ལྟར་བྱ་རྒྱུའི་གཞི་འཛིན་ས་ཞིག་ལ་ཟེར། རྒྱ་ཡིག་གིས“教案”ཞེས་འབོད་པ་འདིར་རང་རེར་དུས་ད་ལྟའི་བར་བཀས་བཅད་ཀྱི་མིང་ཞིག་མ་བྱུང་བར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོ་སོས་རང་རང་གི་འདོད་པ་ལྟར་མིང་མི་མཐུན་པ་སྣ་ཚོགས་བཏགས་པས་མིང་བརྡ་གཅིག་གྱུར་འབྱུང་བར་ཉོག་དྲ་ཤིན་ཏུ་ཆེན་པོ་བཟོས། དེར་ཁ་ཅིག་གིས་ཁྲིད་ཇུས་ཞེས་དང་། ཁ་ཅིག་གིས་ཁྲིད་གཞི་ཞེས་དང་། ཁ་ཅིག་གིས་སློབ་ཁྲིད་གྲ་སྒྲིག་ཅེས་དང་། ཁ་ཅིག་གིས་སློབ་ཁྲིད་འཆར་གཞི་ཞེས་དང་། ཁ་ཅིག་གིས་ཁྲིད་ཡིག་ཅེས་དང་། ཁ་ཅིག་གིས་སློབ་ཁྱད་ཅེས་དང་། ཁ་ཅིག་གིས་ཁྲིད་ཐོ་ཞེས་དང་། ཁ་ཅིག་གིས་ཁྲིད་ཟིན་ཞེས་སོགས་མིང་མི་འདྲ་བ་ཧ་ཅང་མང་། ཕྲན་གྱིས་འདིར་དེ་དག་ལས་སྤྱོད་རྒྱ་ཅུང་ཆེ་བའི་བརྡ་ཆད་ཁྲིད་གཞི་ཞེས་པ་འདི་བདམས་པ་ཡིན། ཅིའི་ཕྱིར་ཞེ་ན། དང་བོ། ད་ལྟ་མི་རིགས་དགེ་འོས་སློབ་ཆེན་དང་འབྲིང་རིམ་དགེ་འོས་སློབ་གྲྭ་དག་ཏུ་སྤྱོད་བཞིན་པའི་སློབ་དེབ《བོད་ཀྱི་སྐད་ཡིག་ཁྲིད་ཐབས་ཀྱི་རིག་གཞུང་རྣམ་བཤད》དང《རྨང་གཞིའི་སློབ་གསོ་སྐབས་ཀྱི་བོད་ཀྱི་སྐད་ཡིག་འཁྲིད་ཐབས》དང《དམའ་འབྲིང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཐབས》སོགས་སུ་ཁྲིད་གཞི་ཞེས་བཀོད་འདུག གཉིས་པ། སློབ་གྲྭ་མི་ཉུང་བ་ཞིག་གིས་བརྡ་ཆད་འདི་ཉིད་སྤྱད་དང་སྤྱོད་བཞིན་པ། གསུམ་པ། སྐབས་བརྒྱད་པའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱིས། ཁྲིད་གཞི་ཞེས་པའི་བརྡ་ཆད་འདི་ཐོག་མར་སློབ་ཆེན་སོ་སོས་གཅིག་གྱུར་གྱིས་སྤྱོད་དགོས་པར་གཏན་ལ་ཕབ། རྒྱུ་མཚན་དེ་དག་ལ་བརྟེན་ནས་དཔེ་དེབ་འདིའི་མིང་ལ《སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ཁྲིད་གཞི་ལེགས་བསྡུས》ཞེས་བརྡ་ཆད་འདི་ཉིད་སྤྱད་པ་ཡིན་པས་ཀློག་མཁན་རྣམས་ཀྱིས་དཔྱད་པར་འཚལ། ཁྲིད་གཞིའི་མཇུག་ཏུ་འབྲེལ་ཡོད་དཔྱད་རྩོམ་འགའ་ཡང་ཟུར་བཀོད་ཀྱི་ཚུལ་དུ་དཔྱད་གཞིར་བསྡུས་ཡོད་པས་སློབ་ཁྲིད་ཀྱི་བགྱི་བ་དོན་དུ་གཉེར་བཞིན་པའི་སྐད་ཡིག་དགེ་རྒན་དག་གིས་ཀུན་སློང་བཟང་བོས་མཛུབ་སྟོན་གནང་བར་ཞུ། (དཔེ་དེབ་འདི་ཉིད་སྒྲིག་མཁན་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་སྐོར་གྱི་དགེ་རྒན་ཆེན་མོ་གཞོན་པ་དཀོན་མཆོག་རྒྱ་མཚོ་རེད།)

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།