མཐོ་འབྲིང་མཐར་ཕྱིན་སློབ་མའི་སྐུ་ཚབ་པ་བདེ་མཚོས་བཤད་པའི་གཏམ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/06/03

མཐོ་འབྲིང་མཐར་ཕྱིན་སློབ་མའི་སྐུ་ཚབ་པ་བདེ་མཚོས་བཤད་པའི་གཏམ།

       འགོ་ཁྲིད་དང་དགེ་རྒན། སློབ་གྲོགས་རྣམ་པ། སྔ་དྲོ་བདེ་ལེགས།
       ཁེར་རྐྱང་དང་དཀའ་ཚེགས་ཀྱི་ལོ་ཟླ་མང་བོའི་ཁྲོད། ཁྱེད་ཅག་གིས་རང་ལུས་འོད་སྣང་དུ་སྦར་ནས། ཀ་ཁའི་གསེར་མདོག་རུམ་པའི་ང་ཚོ་ལ། ཕྱིས་འབྱུང་འཇིག་རྟེན་ཞིག་གི་ལམ་སྣེ་བསྟན།
       རེད་ཡ། ལྷན་འཛོམས་ནི་ཁ་སང་གི་ལོ་རྒྱུས་སུ་གྱུར་ཏེ། གྱེས་བྲལ་ནི་དེ་རིང་གི་མིག་ཆུར་གྱུར་བའི་ཉིན་མོ་འདིར། བུ་མོ་ང་རང་དགའ་བ་འབུམ་ཕྲག་གི་དགོད་གཏམ་གླེང་ས་དང་། སྐྱོ་བ་ཐན་ཐུན་གྱི་མིག་ཆུ་བཞུར་སའི་སློབ་ཁང་གྲུ་བཞི་འདིའི་དཀྱིལ་དུ་ལངས་ནས། འདིར་བཞུགས་ཀྱི་དགེ་སློབ་ཡོངས་ལ་སྙིང་གཏམ་ཚིག་གསུམ་ཞུ་འདོད་ཡོད། 
       འཇིག་རྟེན་ཁ་དཔེ་ལ༼འཛོམས་པ་མི་ཡི་ལས་དབང་། བྲལ་བ་འཇིག་རྟེན་ཆོས་ཉིད༽ཟེར་བ་ལྟར། མི་ལོ་གསུམ་གྱི་ཡར་སྔོན་དུ། ང་ཚོས་དཔེ་ཆ་དང་སྨྱུག་གུ་གྲོགས་སུ་འདོད་ལ། དགེ་རྒན་དམ་པ་ཟླ་རུ་འཁུམས་པའི་སྣང་བརྙན་དེ་དབུ་ཁྱུད་ཅིག་ཡིན་ན། རྫོགས་ལྡན་གྱི་འབྲས་བུས་མགོ་ལྕོག་ལྡེམ་བཞིན་སློབ་གླིང་འདིའི་འཚོ་བར་བཞི་ཤད་འབྲི་རན་པས་སྙིང་ནས་རྟེན་འབྲེལ་ཞུ།
        དགེ་རྒན་དང་འགོ་ཁྲིད་ལགས། བུ་མོ་ངས་ཕུགས་བསམ་གྱི་རྒྱགས་ཕྱེ་རུམ་གང་ཁྱེར་ནས་སློབ་ཁང་གྲུ་བཞི་འདིའི་ནང་དུ་འཛུལ་དུས། ཁྱེད་ནི་ངའི་མ་རིག་རྨོངས་པ་སེལ་བའི་སྐར་མ་འོད་ཆེན་དེ་ཡིན་ལ། བུ་མོ་ངའི་རྣམ་གཡེང་གི་རྟ་ཕོ་རྒོད་ལ་ཤོར་དུས། ཁྱེད་ནི་ངའི་ཕྲ་ཆུང་གི་སེམས་པ་ཚུར་ལ་འགུག་པའི་སྲབ་མདའ་དེ་རེད་ལགས། བུ་མོ་ངའི་ཆགས་སྡང་གི་མེ་ལྩེ་དགུང་དུ་མཆེད་དུས། ཁྱེད་ནི་ངའི་ཁོང་ཁྲོའི་མེ་དཔུང་འཇིལ་བར་བྱེད་པའི་སྦྲང་ཆར་གྱི་བསིལ་མ། བུ་མོ་ང་སེམས་སྡུག་དང་སྐྱོ་གདུང་གིས་རབ་ཏུ་མནར་དུས། ཁྱེད་ནི་ང་ལ་ངོ་དགའ་དང་འཛུམ་མདངས་སྟོན་མཁན་གྱི་བརྩེ་བའི་ཡབ་ཆེན་དེ་རེད་ལགས། དེའི་ཕྱིར། དགེ་རྒན་ཁྱེད་ཅག་གི་སློབ་ཕྲུག་དུ་གྱུར་བའི་ཉིན་མོ་དེ་ནས་བཟུང་། བུ་མོ་ངས་ཀྱང་ཡུལ་ཁྱིམ་མིའི་རེ་ལྟོས་ཡིད་ལ་བཅངས་ནས། དགེ་རྒན་ཁྱེད་ཀྱི་བཀའ་གསུང་ཡིད་ལ་ཉར་ཏེ་སློབ་སྦྱོང་ལ་བརྩོན་པ་བྱས་མྱོང་ལ་། འདི་དག་ནི་དགེ་རྒན་ཁྱེད་རྣམས་ཀྱིས་ང་ལ་བཞག་པའི་བླ་ལྷག་གི་ཤུགས་རྐྱེན་དེ་མ་ཡིན་ནམ། དེ་བས། དགེ་རྒན་རྣམ་པ་ལགས། ཁྱེད་ཀྱིས་དཀའ་ལས་མྱངས་སོང་། ཁྱེད་ཀྱིས་ང་ཚོ་འཛིན་གྲྭའི་བྱ་བཞག་ཆེ་ཆུང་ཐམས་ཅད་འགན་དུ་བཞེས་པ་ནས་བཟུང་། ཁྱེད་ཀྱིས་དངོས་གནས་དཀའ་ལས་མྱངས་སོང་བས། དགེ་རྒན་རྣམ་པ་ལགས། སྐུ་དྲིན་ཆེ།
       སློབ་གྲོགས་ལགས། སྔོན་བསགས་ཀྱི་ལས་འབྲས་ཞིག་གིས་འུ་ཅག་ཀྱག་ཀྱོག་གི་ལམ་སྣེ་འདི་ནས་ངོ་ཤེས་ལ། ཀྱག་ཀྱོག་གི་ལམ་སྣེ་འདི་ནས་གྱེས་དགོས་པ་བྱུང་མོད། མཛའ་བ་མི་ཕྱེད་རྡོ་རྗེའི་མདུད་པའི་སྤུན། བརྩེ་བ་མི་ཤིགས་དར་གྱི་མདུད་པའི་སྤུན། ངེད་ཅག་གི་མཛའ་བ་ལ་འགྱུར་བ་མེད་ཅིང་། ངེད་ཅག་གི་བརྩེ་བ་ལ་གཡོ་འགུལ་མེད། འུ་ཅག་ནི་ཕ་མ་གཅིག་གི་བུ་ཕྲུག་མིན་རུང་། དགེ་རྒན་གཅིག་གི་དགེ་ཕྲུག་དང་མི་རིགས་ཤིག་གི་གདུང་འདེགས་ཡིན། ང་ཚོ་ནི་ཤ་རུས་གཅིག་པའི་སྤུན་མཆེད་མིན་ཡང་། སློབ་ཁང་གཅིག་གི་སློབ་གྲོགས་དང་། གདུང་རྒྱུད་གཅིག་པའི་བོད་ཕྲུག་ཡིན་པས། སྐད་ཡིག་འཛིན་སྐྱོང་གི་ལས་འགན་ང་ཚོའི་ཕྲག་ན་ལྗིད་ལ། སྲོལ་རྒྱུན་སླར་གསོའི་འོས་འགན་ང་ཚོའི་སེམས་སུ་ཐིམ་ཕྱིར། དུས་དེ་རིང་ནས་བཟུང་། ང་ཚོ་ས་གང་དང་ཡུལ་གང་དུ་སོང་རུང་། བོད་སྐད་མི་ཤེས་མ་ཟེར། བོད་ཡིག་མི་སྦྱང་མ་ཟེར་བར། རང་རིགས་ཀྱི་སྐད་དང་ཡི་གེ་ལ་ཧུར་གྱིས་སྦྱངས་ནས་རང་ཉིད་ལ་དབང་བའི་འཚོ་བ་དེར་སྙེག་ཡ། 
       འདིར་བཞུགས་ཀྱི་དགེ་སློབ་ལྷན་རྒྱས། ང་ཚོ་ནི་མི་རབས་གསར་བའི་ལང་ཚོ་དང་། ཁ་བའི་ལྗོངས་ཀྱི་རེ་བ་ཉག་གཅིག་ཡིན་པས། ང་ཚོས་ཀྱང་སྐད་ཡིག་གི་སྦྲང་དཀར་རྩམ་པ་ཁ་རུ་བཟའ་བཞིན། རྒྱ་ཡིག་གི་གྱོན་གོས་གཙང་མ་ལུས་ལ་གྱོན་ནས། དབྱིན་ཡིག་གི་གཡུ་བྱུར་རྒྱན་ཆས་ཡོངས་སུ་སྤྲས་ནས་གནམ་འོག་གི་མི་ཀུན་ལ་བཀྲ་ཤིས་བདེ་ལེགས་ཞུ།
       མཇུག་མཐར། བུ་མོ་ངས་གངས་དཀར་ལྷུན་པོའི་བརྩེ་བ་རུམ་ནས། རྨ་ཀླུང་སྔོན་མོའི་ཕྱི་ཐག་ཁྱེར་ནས། ས་སྒང་གི་མཐོ་ས་དང་། ཉི་འོད་ཀྱི་ལྡིང་ཁང་ནས་ལག་ཟུང་ཐལ་མོ་སྦྱར་ཏེ། དགེ་རྒན་ཁྱེད་ཀྱི་སྐུ་ཚེ་རི་རབ་བཞིན་བརྟན་ཞིང་། གྲོགས་དག་གི་རྒྱུགས་འབྲས་གཡུར་ཟ་ལེན་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ།
 

སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ཚེས་གཉིས་ཉིན།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།