སློབ་བུ་རྡོ་རྗེ་བཀྲ་ཤིས་ཀྱི་རྩོམ་ཡིག་བདམས་བཀོད།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/04/11

འཇིགས་རུང་གི་མེ་ཏོག ༼དམའ་འབྲིང་གསུམ་བཞི་འཛིན་གྲྭ རྡོ་རྗེ་བཀྲ་ཤིས།༽

       མེ་ཏོག་ལགས། ཁྱོད་ཀྱི་ཁ་མདོག་མཛེས་ཤིང་དབྱིབས་ལེགས་པ། འདབ་མ་སྙོམས་ཤིང་བདེ་ཐང་ཡིན་པ། ཁྱོད་ཀྱི་མཐའ་སྐོར་ན་རྐང་དྲུག་བུང་བའི་ཚོགས་ཀྱིས་གར་སྟབས་ཀྱི་གཤོག་འགྱུར་ ངོམ་བཞིན་སྙན་འཇེབས་གྲེ་འགྱུར་ངག་ལ་གྱེར་བཞིན་གདའ། ཡིན་ནའང་། ཁྱོད་ཀྱིས་སྙིང་རྗེ་དང་བྲལ་བའི་གདུག་རྩུབ་ཀྱིས་ཐམས་ཅད་ལ་སྐྱོ་བའི་སྨྲེ་ངག་འདོན་དུ་བཅུག ཨ……། འཇིགས་རུང་གི་མེ་ཏོག་ལགས། གཡུ་སྦྲང་གཞོན་ནུ་དེ་དག་གིས་སྡིགས་མོ་དང་འཁང་ར་བྱེད་བཞིན་པ་ ཁྱོད་ཀྱིས་ཐོས་སམ། གཡུ་སྦྲང་གཞོན་ནུ་དེ་དག་ཀྱང་ཁྱོད་ཀྱི་རོ་བཅུད་ལྡན་པའི་ཟེའུ་འབྲུ་མངར་མོ་དེ་ལེན་པའི་འདུན་པ་དྲག་པོ་ཞིག་གིས་འདི་རུ་ཐོན་པ་རེད། ཡིན་ནའང་། ཁྱོད་ཀྱིས་དེ་འདྲའི་གདུག་རྩུབ་ཅིག་བཀོལ་དགོས་དོན་ཅི། ཁྱོད་ཀྱིས་གཡུ་སྦྲང་གཞོན་ནུ་དེ་དག་མཐོང་ན་ཡིད་སེམས་མི་སྐྱོ་འམ། ཁྱོད་ཀྱིས་གཟིགས་དང་། ན་ཆུང་གཞོན་ནུ་གཡུ་སྦྲང་དེ་དག་གིས་ཁྱོད་ཀྱི་རོ་བཅུད་ལྡན་པའི་ཟེའུ་འབྲུ་མངར་མོ་ཉམས་སུ་མྱོང་ནའང་། དྲིན་ཆེན་ཕ་མ་དང་མ་འཕྲད་པའི་སྐྱོ་སྡུག་གི་ཞལ་གདོང་དེ་ཁྱོད་ཀྱིས་མཐོང་ངམ། ཁྱོད་ཀྱིས་དུས་ནམ་ཞིག་ལ་སྙིང་རྗེ་སྒོམ་ནས་གཡུ་སྦྲང་གཞོན་ནུ་དེ་དག་ཕྱི་ལ་འགྲོ་རུ་འཇུག་རྒྱུ་ཡིན་ནམ།

ང་རང་མདུན་དུ་བསྐྱོད་དགོས།

        ང་རང་ཆུ་ཕྲན་བཞིན་མདུན་དུ་བསྐྱོད་དགོས། མ་འོངས་བའི་ཕུགས་བསམ་གྱི་ཐེམ་སྐས་རེ་རེ་བརྒྱུད་ནས་མདུན་དུ་བསྐྱོད་དགོས། སྨག་ནག་གི་མུན་པའི་ཁྲོད་ན་གསལ་ལ་མི་གསལ་བའི་ལམ་ཕྲན་རིང་མོ་དེར་ཤེས་བྱ་ཡི་སྒྲོན་མེ་སྦར་ནས་རྒྱང་རིང་ལ་བསྐྱོད་དགོས། གལ་ཏེ། ལམ་ཕྲན་རིང་མོ་འདི་ལ་འོད་སྣང་མེད་ན་ཡང་ང་རང་ཡིད་མི་ཆད། བློ་མི་ཕམ། དཔའ་མི་ཞུམ་པར་སྔོན་ལ་བསྐྱོད་དགོས། བར་མེད་རྟག་ཏུ་འབབ་པའི་ཆུ་ཕྲན་ཞིག་ལ་མཚོན་ན། བརྩོན་པ་ལྷུར་ལེན་གྱི་སེམས་ཤུགས་དང་སྨྲ་མེད་ཁེངས་སྐྱུང་གི་སྙིང་སྟོབས་དང་ལྡན། ལྟོས་དང་། ཆུ་ཕྲན་ནི་སྲ་ཞིང་མཁྲེགས་པའི་ཕ་བོང་དང་བྲག་རྡོ་སོགས་ལ་འཕྲད་ཀྱང་ཅི་མི་སྙམ་པར་གདོང་ཐུག་གིས་བགྲོད་པར་བྱེད་པ་ལས་གཡོལ་བར་མི་བྱེད། ཁོས་བཤུལ་ཐག་རིང་བའི་ངལ་བར་མི་འཛེམས་པར་ལོ་ཟླ་ཞག་གསུམ་མཐུད་དེ་དུས་དང་རྣམ་པ་ཀུན་ཏུ་འབབ་བར་བྱེད་ལ། མི་བཟོད་དགུན་གསུམ་གྱི་གྲང་རེག་རྩུབ་མོས་ཨར་ལ་གཏད་དེ། སྲ་འཐས་ཀྱི་འཁྱག་རོམ་དུ་བསྒྱུར་ཀྱང་སྔར་བཞིན་གཞན་ཕན་གྱི་ལས་ལ་འབད་པ་སྟེ་ཟམ་པ་དང་རྒྱ་ལམ་གྱི་དོད་བྱས་ཏེ་སྐྱེ་བོ་ཀུན་ལ་ཕན་པ་སྐྲུན་པར་བྱེད། དེའི་ཕྱིར། ང་རང་ཡང་ཆུ་ཕྲན་བཞིན་ཉིན་མཚན་དབྱེར་མེད་ཀྱིས་སློབ་ལ་བརྩོན་པ་དང་དཔའ་ངར་ཞུམ་མེད་ཀྱིས་མ་འོངས་བའི་མདུན་ལམ་རིང་མོ་སྙེགས་དགོས། རང་ལ་དཀའ་ཁག་ཅི་འདྲ་ཆེ་རུང་སྙིང་རུས་ཀྱིས་མདུན་བསྐྱོད་བྱེད་པ་ལས་ཕྱིར་ནུར་གཏན་ནས་མི་རུང་། དེ་འདྲའི་སྙིང་སྟོབས་ཤིག་མེད་པར་ལེ་ལོ་དང་སྒྱིད་ལུག དཔའ་ཞུམ་ནས་བསྡད་ན་རང་ཉིད་ཀྱི་མ་འོངས་པའི་འོད་སྟོང་ལྡན་པའི་མདུན་ལམ་དེ་ཇི་ལྟར་མངོན་འགྱུར་བྱེད་དམ། ཉམས་རྒུད་དུ་འགྲོ་བཞིན་པའི་བོད་སྐད་ཡིག་དེ་དར་སྤེལ་གཏོང་རྒྱུ་ནི་ང་ཚོ་ན་ཆུང་རྣམས་ཀྱི་ཕྲག་ལ་བབས་པའི་འགན་འཁྲི་ཡིན་པས། ང་ཚོས་ཤེས་རིག་གི་རྟ་ཕོ་ལ་བརྩོན་འགྲུས་ཀྱི་ལྕག་གིས་སྐུལ་ཏེ་མདུན་དུ་སྐྱོད་ཡ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།