ཞོ་བསྙལ་ཚུལ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/04/14

 མཐོ་འབྲིང་གཉིས་གསུམ་འཛིན་གྲྭ ཨ་ཆེན།

       ཞོ་ནི་མཚོ་བོད་མཐོ་སྒང་གི་ཁྱད་པར་ཅན་གྱི་ཟས་རིགས་ཤིག་ཡིན། དེར་འཚོ་བཅུད་མོད་ཅིང་སྐྱུར་ལ་མངར་བས་མི་རྣམས་ཧ་ཅང་འཐུང་བར་དགའ་བ་རེད། ཉིན་རྒྱུན་ཁོམ་ལོང་རེ་ཡོད་ཚེ་ཨ་ནེ་ཡིས་བཞོས་ཡོད་པའི་འོ་མའི་ཞོ་སྙལ་བ་ཡིན། དེ་བས་ང་ཡང་རིམ་བཞིན་གོམས་ལོབས་སུ་གྱུར་བས་ཞོ་སྙལ་བ་ཆུང་ཆུང་ཞིག་ཏུ་གྱུར། སློབ་གྲོགས་ཚོ་ཁྱེད་ཚོས་ཞོ་སྙལ་མྱོང་ངམ། རང་གིས་བསྙལ་བའི་ཞོ་འཐུང་ན་སྣང་བ་ཧ་ཅང་སྐྱིད།
       ཞོ་ནི་མངར་བཅུད་འཛོམས་པའི་ཟས་མཆོག་ཅིག་ཡིན་ཏེ། ཞོ་འཐུང་ན་རིག་པ་གསལ་ཞིང་ལག་ཆགས་མགྱོགས་པ་དང་རུས་རྐང་དང་ཁྲག་ཤེད་རྒྱས་པར་ཧ་ཅང་ཕན་ཐོགས་ཆེ། བྱིས་པ་རྣམས་ཞོ་འཐུང་བར་ཧ་ཅང་དགའ་བས་“ཞོ་འཐུང་”ཞེས་པ་བྱིས་པའི་མིང་གི་མངོན་བརྗོད་དུ་བཞག་ཡོད། ཞོ་ཡིས་མིའི་ལུས་ཀྱི་ཚ་འཇགས་ཐུབ་པ་དང་གཤེག་བཅོས་དང་སྨན་བཅོས་བྱས་པའི་ལུས་ཕུང་གསོ་བ་དང་རྨ་ཁ་སོས་སུ་འཇུག་ཐུབ་པར་མ་ཟད། གཉིད་ཀྱང་འགུག་ཐུབ། ད་དུང་ཞོ་ནི་ད་ལྟའི་ཚོང་རར་ཆེས་བྲིན་པའི་ཚོང་རྫས་གལ་ཆེན་ཞིག་ཡིན། ཞོ་ལའང་རིགས་མང་སྟེ། བ་གླང་གི་འོ་མས་སྙལ་བའི་ཞོ་དང་མཛོ་མོའི་འོ་མས་སྙལ་བའི་ཞོ། འབྲི་མོའི་འོ་མས་སྙལ་བའི་ཞོ་སོགས་ཤིན་ཏུ་མང་ལ། ཆེས་རོ་མངར་ཞིང་བཅུད་བཟང་བ་ནི་འབྲི་ཞོ་རེད།
       ཐོག་མར་ཁྱེད་ཀྱིས་ཞོ་སྙལ་སྐབས། འོ་མ་རློམ་པ་༼རུལ་མེད་པའི་འོ་མ༽་སླ་ང་རུ་བསྐོལ་ནས་ཁོལ་དུ་འཇུག་དགོས་ལ། དེ་ནས་སླར་ཡང་འོ་མའི་དྲོད་ཚད་ཧྲེ་ཧྲི་ཏུའུ་30ནས40རུ་འཁྱག་དུ་ བཅུག་རྗེས།༼ལག་པ་མི་སྲེག་པའི་བར༽འོ་མ་དེ་སྣོད་གཙང་མ་ཞིག་དུ་ལྡུག་པ་དང་དེའི་ནང་དུ་རུ་མ་༼སྐྱུར་རྟ༽་ཁེམ་བུ་ཕྱེད་ཙམ་༼ཁེམ་བུ་ཆེ་བ༽བཞག་ནས་མ་དཀྲུག་པར་ཁ་ལེབ་འགེབ་པ་དང་ཞོ་ཆགས་པའི་བར་དུ་འོ་མ་མི་འཁྱག་པའི་ཆེད་དུ་འཐུམས་བྱེད་སོགས་ཀྱིས་སྣོད་བཏུམས་ཏེ་ཚ་ ཐབ་བམ་ས་དྲོད་ཅུང་ཆེ་ས་རུ་བཞག་ནས་དུས་ཚོད་གསུམ་ནས་བཞི་ཙམ་འགོར་དུ་འཇུག་དགོས།(ཉི་འོད་འོག་ཏུ་འཇོག་མི་རུང་)དེ་ནས་ཕྱིར་བླངས་ཏེ་ས་ཆེས་འཁྱག་ས་རུ་འཇོག་དགོས། ༼འཁྱག་སྒམ་སོགས་སུ་འཇོག་མི་རུང་༽དེ་ནས་དུས་ཚོད་དྲུག་བདུན་འགོར་རྗེས་སྐྱུར་ཞིང་མངར་བའི་ཞོ་ཆགས་པ་རེད། ཞོ་འཐུང་དུས་རང་རང་སོ་སོའི་ཡི་ག་ལྟར་བྱེ་མ་ཀ་ར་རན་པོ་ཞིག་བཏབ་ནས་འཐུང་ན་ཧ་ཅང་ཞིམ་པོ་ཡིན།
       ཞོ་ནི་ང་ཚོ་སྒང་བ་བོད་པ་ཚང་ལ་མཚོན་ན་ཆེས་གལ་ཆེ་བའི་ཁ་ཟས་ཤིག་ཡིན་ལ། ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་དང་། བག་སྟོན། བཙས་སྟོནསོགས་སུ་ཆེས་མེད་དུ་མི་རུང་བའི་མཆོད་རྫས་ འགངས་ཆེན་ཞིག་ཀྱང་ཡིན།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།