ཕ་བོང་བཞིན་བརྟན་པའི་དགེ་རྒན་ཚོ།

སྤེལ་མཁན། གཅན་རྣམ་ཐར། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/06/29

 

ཕ་བོང་བཞིན་བརྟན་པའི་དགེ་རྒན་ཚོ།
དེང་གི་འཇིག་རྟེན་ནི་བདེ་སྡུག་བཏང་སྙོམས་མིན་པ་དང་། ཉེ་རིང་ཆགས་སྡང་གིས་ཁེངས་པ། ལས་འབྲས་བསླུ་མེད་ཡིན་པ་རྫུན་དུ་གྱུར་བ། གཡོ་ཟོལ་རྫུ་བག་གིས་ཟང་ཟིང་ལང་ལོང་དུ་བཏང་བ། མི་གཤིས་རྩ་བ་ནས་འགྱུར་བ། ཤེས་རིག་ཡོན་ཏན་གྱི་གཞི་རྩ་མི་དགོས་པ། ལྷག་པར་དུ་དེང་སང་རྒྱུགས་ཆེ་བ་ནི་བཤད་དང་བཤད་བཞིན་པ་དང་བྲིས་དང་འབྲི་བཞིན་པ་ཀུན་སྟོང་གཏམ་ཁོ་ན་ཡིན་པ་ལས་དོན་དངོས་ཀྱི་ར་སྤྲོད་ཅིག་མཚོན་བཞིན་མེད་པ་རེད། འདི་ནི་གཙོ་བོ་སྲིད་གཞུང་གིས་བྱ་བ་གཉེར་བའི་སྡེར་བཤད་པ་ཡིན། དེ་བས། སྲིད་གཞུང་གི་སྡེ་ན་བྱ་བ་གཉེར་མཁན་དེ་དག་གིས་བྱ་བ་ཅི་ཞིག་གི་ཆེད་དུ་ཤ་ཐང་འབད་ཐང་བྱེད་ཀྱི་ཡོད་དམ། ངས་བལྟས་ན་གཙོ་བོ་མི་སྒེར་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ཤ་ཐང་འབད་ཐང་བྱེད་ཀྱི་འདུག་པར་སྙམ། རྒྱུ་མཚན་ནི་འགྱིག་རྡེའུ་བཞིན་རང་གི་གོ་གནས་དང་སྙན་གྲགས་བླ་ནས་བླ་རུ་འཕགས་ཆེད་ཤ་ཟད་རུས་ཟད་བྱེད་ཀྱི་ཡོད་པ་ལས། མི་དམངས་མང་ཚོགས་ཀྱི་ཆེད་དུ་སུ་ཞིག་གིས་སེམས་དང་བསམ་པའི་སྟེང་ནས་ཞབས་འདེགས་ཞུ་རུ་ཡོད་དམ། དེ་ནི་གཏན་ནས་མེད་པ་རེད། རང་གི་གོ་གནས་དང་སྙན་གྲགས་སྲུང་འཛིན་བྱེད་ཆེད། མི་དམངས་མང་ཚོགས་ལ་མགོ་སྐོར་དང་། གཡོ་ཟོལ་གང་མང་གིས་ཐབས་སྣ་ཚོགས་བཀོལ་ནས་རང་གི་གོ་གནས་དང་སྙན་གྲགས་འཕར་ཆེད་ཤི་འཐབ་རོ་འཐབ་བྱེད་པ་ལས། མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་ཁ་ཡ་བྱེད་མཁན་གྱི་སྲིད་འཛིན་པ་ཞིག་གྲངས་ཀའི་བརྩི་རྒྱུ་ཡོད་མི་སྲིད། ཁོ་ཚོའི་ནམ་རྒྱུན་ཀླད་པའི་ནང་དུ་ཤར་ཡོད་པ་ནི་ཇི་ལྟར་གོ་གནས་ཅན་གྱི་དཔོན་ཁྱུ་དག་ལ་ཁ་ཡག་ངོ་དགའ་དང་སྤྲེའུ་ལད་བྱས་ཏེ། རང་ཉིད་མི་འགྱངས་བར་དཔོན་ས་ཞིག་ལ་སྙེག་རྒྱུ་དང་ཐོབ་རྒྱུ་དེ་ཁོ་ན་ལས་གཞན་ཅི་ཡང་ཡོད་མི་སྲིད།
ང་ཚོ་སྟེ། ཕ་བོང་བཞིན་གཡོ་འགུལ་མེད་པའི་དགེ་རྒན་གྱི་སྡེ་འདི་ནི། ནམ་རྒྱུན་སེམས་སུ་མིག་མདུན་གྱི་བྱ་བ་གཅིག་པུ་སྟེ། སློབ་ཁྲིད་ཁོ་ན་གཙིགས་སུ་བཟུང་ནས་འདུག་པ་ལས། བསམ་རྒྱུ་དྲན་རྒྱུ་ཅི་ཡང་ཡོད་མི་སྲིད་པ་རེད། དགེ་རྒན་གྱི་སྡེ་ནི་སྲིད་གཞུང་གི་མི་སྣའི་མིག་ལམ་ན་ཆེས་ཆུང་བ་དང་། ཐ་ན་ཅི་ཡང་མི་ནུས་པའི་སྤྱི་ཚོགས་ཀྱི་གད་སྙིགས་སྐོར་ཞིག་ཏུ་ངོས་འཛིན་པའི་ལྟ་སྟངས་ཀྱང་ཆགས་དང་ཆགས་བཞིན་འདུག སྤྱི་ཚོགས་ཀྱི་སྟེང་ནས་ཅི་ཡང་མི་ནུས་པ་དག་ནི་ནམ་ཡང་དགེ་རྒན་བྱས་ཏེ་འདུག་དགོས་པའི་གོམས་སྲོལ་ཞིག་དེང་གི་ང་ཚོའི་ས་གནས་འདི་རུ་ཆགས་འདུག་པ་རེད། དེ་བས། དགེ་རྒན་ཞིག་ཡིན་ཚེ་སྲིད་ཕྱོགས་ཀྱི་བྱ་བར་ཐེ་ཇུས་དང་ཟུར་ཞུགས་བྱེད་པའི་དབང་ཆ་གཏན་ནས་མེད་པ་དང་། དགེ་རྒན་ཞིག་ཡིན་ཚེ། ནམ་ཡང་དགེ་རྒན་བྱས་ཏེ་འདུག་པ་ལས་དེ་ནུས་པ་དང་བློ་གྲོས་སྤྱི་ཚོགས་སྟེང་དུ་བཀོལ་བར་མི་འཇུག་པར་མགོ་མནན་ནས་འཇོག་པ་རེད།
ནམ་རྒྱུན་སྲིད་གཞུང་གི་བྱ་བ་ནི་ལས་སྐལ་ཡག་པའི་སྡེ་དང་། རྒྱབ་རྩ་བྲག་རི་ལས་བརྟན་པ་དང་། ཁ་ངོ་གནམ་ལས་མཐོ་བའི་ལས་ཅན་གྱི་ཚོགས་ཁྱུ་ཞིག་གིས་བསྒྲུབ་ཐུབ་པ་ལས། ལས་སྐལ་དམན་པ་དང་། ངོ་སོ་མེད་པ། ཞིང་སྡེ་དབུལ་ཕོངས་ཀྱི་ཁྱིམ་ནས་སྐྱེས་པའི་དགེ་རྒན་དག་ནི་ནམ་ཡང་མགོ་སྒུར་སྒུར་དང་། གཉའ་ཞུམ་ཞུམ་བྱས་ཏེ་གཞི་རིམ་ས་ཁུལ་ནས་མི་ཚེ་ཟད་རག་བར་དུ་འདུག་དགོས་པ་ཚེ་སྔོན་ལས་ཀྱི་བསྐོས་པ་མིན་ལ། ས་གནས་ཀྱི་དཔོན་ངན་རིང་ལུགས་སྐོར་ཞིག་གི་ངན་ཇུས་ཀྱིས་མངའ་འོག་ནས། ང་ཚོ་ཅང་མེད་རྒྱུ་མེད་ཀྱི་བུ་ལོ་དགེ་རྒན་རྣམས་ནམ་ཡང་འདི་ལྟར་འདུག་དགོས་པ་ནི་སྤྱི་ཚོགས་ཀྱི་བཀོད་པ་ཡིན་པས་ལྡོག་ཐབས་མེད་པ་རེད།  ཀླད་མེད་ཅོལ་ཆུང་དང་། གཡོ་སྒྱུ་རྫུ་བག་ལ་མཁས་པ། ཕྱི་རྫིག་ནང་སྟོང་གི་ལས་ལ་འབད་དང་འབད་བཞིན་པའི་ལས་ཅན་པོ་རྣམས་ནི་མི་ཚེ་གང་བོར་འགྱིག་རྡེའུ་བཞིན་གང་ལ་འཇོག་ན་འདོད་པར་དེ་ལ་བཞག་སྟེ། རང་དབང་གི་སྐལ་བ་ཡག་པོ་ཞིག་དང་། གོས་རང་འགྲུབ་དང་ཟས་རང་འགྲུབ་ཀྱི་ལྷ་ཡུལ་ལྟ་བུའི་འཚོ་བ་ཞིག་རྙེད་ཡོད་ནི་རེད། མི་ཡུལ་གྱི་ཟེའུ་འབྲུ་ཙམ་ལོངས་སུ་སྤྱོད་པའི་ང་ཚོའི་དགེ་རྒན་རྣམས་ནི་ནམ་ཞིག་རང་དབང་གི་ལུང་བ་ཞིག་ནས་རང་གི་གཤོག་རྩལ་ལ་བརྟེན་ནས་རང་ཉིད་བསྙེགས་འདོད་པའི་བདེ་སྐྱིད་ཀྱི་ས་ཆ་དེ་རུ་འཕུར་ཐུབ་རྒྱུ་ཡིན་ནམ། དེ་ལ་དེང་སྐབས་ཀྱི་བོད་ཁུལ་ཡོངས་ཀྱི་དགེ་རྒན་རྣམ་པས་འདང་རྒྱག་དགོས་པའི་གནད་དོན་ཞིག་རེད་འདོད་དོ།།
Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།