མཐོ་རྒྱུགས་ལྷ་ལ་བཅོལ་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/06/05

གཅན་རྣམ་ཐར།

        དེང་སང་མཐོ་རྒྱུགས་སྤྲོད་པར་བོད་རིགས་སློབ་མ་ཚོར་སེམས་འཚབ་དང་སྐྲག་དངངས་ཆེར་མེད་པར། སེམས་བདེ་བག་ཕེབས་ངང་བསྡད་ཡོད་པ་རེད། རྒྱུ་མཚན་ནི་སྲིད་ཇུས་ཉི་མ་བཟང་བོའི་བཀའ་དྲིན་དུ་རང་ཁ་རང་གསོ་བྱེད་ཐུབ་པ་དང་། སྐྱིད་འདོད་བག་གཡེང་ལ་རོལ་བའི་གོ་སྐབས་ཆེས་མང་བས་སློབ་མ་ཚོས་ཀྱང་ནམ་རྒྱུན་སློབ་ཁྲིད་ལ་ཉན་པའི་ཕན་ཆད་ནས་རང་སྦྱོང་དང་ཟུར་སྦྱོང་དེ་འདྲ་མི་བྱེད་པར། མགོ་བདེ་བག་གཡེང་གི་རྩེད་འཇོ་ཁོ་ནར་གཡེང་རྒྱུ་དང་། ཡུལ་མི་རྣམ་པས་ཕངས་མེད་དུ་སྦྱིན་པས་དངུལ་རྡོག་དེ་དག་ཅི་ལྟར་བཀོལ་བ་དང་ཅི་ལྟར་ལེན་པས་ཐབས་ཁོ་ནར་འབད་པ་མ་ཟད། ཆ་རྐྱེན་ཡོད་མེད་གང་རུང་གིས་ལག་ཁྱེར་ཁ་པར་ཉོས་ནས་ཁྱད་ཆོས་རྒྱག་པར་མགོ་འཁོར་ནས་འདུག་པ་ལས། སློབ་སྦྱོང་བཟང་པོ་བྱས་ཏེ་རང་ཉིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་མཁན་གྱི་སློབ་མ་རེ་འགའ་ལས་བརྩི་རྒྱུ་མེད་པའི་དུས་སུ་སླེབས་འདུག དེ་མིན་དྲ་ཁང་དང་ཆང་ཁང་གང་རུང་དུ་ཉུལ་བ། ཕོ་མོའི་བར་གྱི་འདོད་བརྩེ་གཙོར་བཟུང་སོགས་ཀྱི་བྱ་ལས་སྤྱོད་ལས་ལ་གཡེང་བར་བྲེལ་ཁོམ་མེད་པར་འདུག་མཁན་གྱི་སློབ་བུའང་དེ་ལས་མང་པོ་འདུག་ཅེས་ཁ་བརྒྱ་མིག་སྟོང་གིས་གླེང་གིན་འདུག
       རང་ཉིད་ཀྱི་མདུན་ལམ་ལས་དབང་ལ་བཅོལ་ནས། ལོ་ངོ་བཅུ་གཉིས་ལྷག་གི་དུས་ཚོད་དོན་མེད་དུ་ཆུད་ཟོས་སུ་བཏང་བ་དང་། ཐ་ན་རང་ཉིད་ཀྱི་སེམས་པའི་རྒྱུད་དུ་ཤེས་བྱའི་རྨང་གཞི་ཡོན་ཏན་སྤུ་ཙམ་ཡང་འགོས་མེད་པར་ལག་སྟོང་མཆན་སྟོང་དུ་མཐོ་རྒྱུགས་ལ་ཞུགས་ནས་རྒྱུགས་འཕྲོད་ཁུལ་བྱེད་དགོས་པའི་འདུན་པ་གཅིག་པུ་ཡིད་ལ་བཅངས་ནས་མི་ཚེ་འདུན་མ་བཙལ་ཚེ། ད་གཟོད་ང་ཚོའི་མི་རིགས་ཀྱི་འདུན་མ་དང་མི་བུ་རང་ཉིད་ཀྱི་འདུན་མ་ནི་ཕྱི་རྫིག་ནང་སྟོང་གི་རང་བཞིན་ལས་མ་འདས་པས། མི་རིགས་འདིའི་མཐའ་མཇུག་གི་ལས་དབང་དུས་དེ་རིང་གི་ལག་སྟོང་མཆན་སྟོང་བརླ་བར་དུ་བཙིར་ཡོད་པས་ང་ཚོས་འཇིག་ཏུ་འཇུག་རྒྱུ་ཡིན་པ་གདོན་མི་ཟའོ།།
       ནམ་རྒྱུན་སློབ་མ་ཡིན་པའི་དུས་སྐབས་དེར་སློབ་སྦྱོང་ལ་ཧུར་བརྩོན་མི་བྱེད་པར། འགྲོ་ཐབས་འདུག་ཐབས་སྒོས་མི་ལོ་བཅུ་གཉིས་འདི་ལྟར་སྟོང་ཟད་དུ་བཏང་ནས། སེམས་རྒྱུད་དང་ཡིད་ངོ་རུ་རིག་གནས་ཤེས་བྱ་ཅི་ཡང་འགོས་མེད་པར་སེམས་ཁོང་ཡོངས་རྫོགས་ན་མ་རབས་ཐ་ཤལ་གྱི་ལས་ཤ་སྟག་དང་། སྐྱག་པ་མ་གཏོགས་མེད་པར་རྨང་གཞི་བརྟན་པོ་ཅི་ཡང་མེད་པའི་མགོ་བདེ་བག་གཡེང་ལ་སེམས་ཆགས་ནས་བསྡད་པ་ཡིན་པས། མཐོ་རྒྱུགས་ལེན་ལ་ཉེ་བའི་དུས་འདིར། ནངས་སྔ་ལངས་སྒོས་བསང་རྩི་དང་དར་ལྕོག རླུང་རྟ་མང་པོ་ཉོས་ཏེ། སྒང་མཐོན་པོ་དང་དགོན་པ་གྲྭ་ཚང་། གནས་འགངས་ཆེན་སོགས་ལ་རྒྱུགས་ནས་སུ་ཞིག་ལ་ལས་བཅོལ་བྱེད་བཞིན་པའི་རྣམ་འགྱུར་འདི་མཐོང་ཚེ། དོན་ངོ་མར་མི་ལོ་བཅུ་གཉིས་ཀྱི་རིང་ལ་རྣམ་གཡེང་རྩེད་འཇོ་ཁོ་ནར་གཡེང་ནས་སློབ་སྦྱོང་མི་བྱེད་པར་བསྡད་པའི་ནང་སྟོང་རུལ་བ་དག་ལའང་མགོན་སྐྱབས་བྱེད་མཁན་གྱི་ལྷ་གསོན་པོ་ངོ་མ་ཡོད་སྲིད་དམ། ལྷ་གསོན་པོ་ཞིག་ངོ་མ་ཡོད་ན་ང་ཚོས་ལོ་ཆུང་བྱིས་པ་འདི་དག་གིས་ཀྱང་ད་ནས་བཟུང་རིག་གནས་ཤེས་བྱ་ལ་འབད་འབུངས་མི་བྱེད་པར་སློབ་གྲྭ་ནས་སྐྱིད་བདེ་བག་གཡེང་ཁོ་ནར་རོལ་ནས་བསྡད་དེ། ལོ་ངོ་བཅུ་གཉིས་ཀྱི་རྗེས་ནས་མཐོ་རྒྱུགས་ལ་ཞུགས་སྐབས། དུས་དེང་སང་གི་མཐོ་རྒྱུགས་ལ་ཞུགས་པའི་བོད་རིགས་སློབ་མ་ཚོ་ནང་བཞིན་སྒོར་སྟོང་ཕྲག་ཁྲི་ཕྲག་སྒོས་བསང་རྩི་དང་དར་ལྕོག རླུང་རྟ་སོགས་ཉོས་ཏེ་ཕྱོགས་ཡར་མར་ལ་སོང་ནས་བསང་ཕུད་ན་མཐོ་རྒྱུགས་ཀྱི་ཁྲོད་ནས་ཅི་ཡང་མ་ཤེས་ན་ཡང་རྒྱུགས་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཏེ་སློབ་ཆེན་སློབ་གྲྭ་ཞིག་ཏུ་འགྲོ་ཐུབ་པའི་གདེང་ཚོད་ཡོད་དམ། སློབ་སྦྱོང་ཅི་ཡང་བྱེད་མ་དགོས་པར་རི་མགོ་མཐོན་པོར་བསང་དང་དར་ལྕོག་འཛུགས་པ། རླུང་རྟ་བསྐྱོན་ན་རྒྱུགས་འཕྲོད་པ་ཤ་སྟག་ཡིན་ན་ང་ཚོ་བོད་རིགས་ས་ཁུལ་གྱི་སློབ་མ་ཚོར་མཐོ་འབྲིང་གི་སློབ་གྲྭ་ཟེར་བ་ཞིག་ཡེ་ནས་དགོས་དོན་མེད་པ་འདྲ། མཐོ་འབྲིང་སྐབས་ཀྱི་ཚོད་རྒྱུགས་དེ་དག་ས་གནས་ཀྱི་ཐབས་བཀོད་སྣ་ཚོགས་འཐེན་ནས་རྒྱུགས་འཕྲོད་དུ་འཇུག་ཐུབ་པའི་གདེང་ཚོད་ཡོད་པས་ལོ་ངོ་གསུམ་གྱི་མཐོ་འབྲིང་གི་འཚོ་བ་དེ་སློབ་མ་མང་པོ་ཞིག་གིས་དོན་མེད་ཆུད་ཟོས་སུ་བཏང་དང་གཏོང་བཞིན་འདུག་པ་མིག་མཐོང་ལག་ཟིན་རེད། དམའ་འབྲིང་ནས་མཐོ་འབྲིང་ལ་རྒྱུགས་འཕྲོད་རྗེས་ད་གཟོད་སློབ་མ་མང་པོ་ཞིག་ལ་སེམས་ཀྱི་ཁུར་བོ་ཆེན་པོ་ཞིག་མེད་པར་ད་གཟོད་སྐྱིད་བདེ་འདུག་ཐབས་ཁོ་ནར་མགོ་གཡེང་ནས་འདུག་པའི་བསམ་བློ་རྒྱུད་ལ་སྐྱེས་ཏེ། ལོ་ངོ་གསུམ་གྱི་རིང་གི་མཐོ་འབྲིང་གི་འཚོ་བ་ནི་ད་གཟོད་སྐྱིད་ལ་རོལ་བའི་དུས་ཚོད་ཅིག་ལ་ངོས་བཟུང་སྟེ་བསྡད་ཡོད་པ་རེད། དེར་བརྟེན་མགོ་སྟོང་ཁོག་རུལ་གྱི་སློབ་མ་མང་པོ་ཞིག་གིས་སེམས་སུ་མཐོ་རྒྱུགས་སྐབས་སུ་དུས་རབས་ཀྱིས་བསྩལ་བའི་ནད་རྙིང་དེ་བརྐུས་འབྲི་བྱེད་འདོད་ཀྱི་བསམ་བློ་དམ་པོར་ཡིད་ལ་བཅངས་པ་དང་། ད་དུང་མགོན་སྐྱབས་ལྷ་ལ་བཅོལ་བའི་འདུན་པ་རྫུན་མ་ཞིག་སེམས་ཁོང་དུ་ཉར་ནས་ནང་སྟོང་རུལ་བ་ཁྱེར་ཏེ་སྐྱིད་རྒྱག་ས་དང་ཉི་མ་གཏོང་སའི་སློབ་གླིང་ཞིག་ལ་རེ་ལྟོས་ཆེན་པོ་བཅངས་བཞིན་པའི་སྣང་ཚུལ་ཡ་མ་བརླ་འདི་མཐོང་ཚེ། ཡུན་རིང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་རིག་གནས་དང་བོད་ཀྱི་རེ་ལྟོས། བོད་ཀྱི་མདུན་ལམ་བཅས་ལ་རྒྱལ་ཁ་གསར་བ་ལེན་མཁན་གྱི་མི་རབས་གསར་བ་དང་རྗེས་སྐྱོང་བ་གསར་བ་ཞིག་ཡོད་མི་སྲིད་པས་ཁ་ཚོན་བཅད་དེ་བརྗོད་ཆོག་ཆོག་རེད་དོ།།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།