གངས།
སྤེལ་མཁན། Admin
རྡེབ་ཚད།
སྤེལ་དུས། 10/03/31
ཉིས་སྟོང་དགུ་ལོའི་མཐོ་འབྲིང་མཐར་ཕྱིན་འཛིན་གྲྭ་གསུམ་པ། རིག་འཛིན་རྡོ་རྗེ།
གངས་དཀར་ལྷུན་པོ་ནི་མགོ་ནག་བོད་པའི་བླ་རི་ཡིན་ལ། གངས་རི་དཀར་པོ་ནི་གངས་ཅན་བོད་མིའི་སེམས་པ་ཡིན། གངས་ལྗོངས་མི་ཡུལ་ནི་ས་ཡི་དགེ་བཅུ་འཛོམས་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་སའི་ཁྱིམ་དྲོན་མོ་ཡིན།
འཇིག་རྟེན་གྱི་གྲུ་ག་ཞིག་ནས་མི་ཚེའི་བགྲོད་ལམ་སྙེག་པའི་སློབ་བུ་ང་ལ་མཚོན་ན། གངས་རིའི་ལྷག་བསམ་སྙིང་ཁོང་ལ་བཅངས་ནས་ཀ་ལི་སུམ་ཅུའི་རོལ་དབྱངས་ཤུགས་ཀྱིས་གྱེར་དུས། ང་ལ་སྐྱིད་པའི་སྤྲོ་གར་འཁྲབ་སའི་སྟེགས་བུ་ཡོད་ལ་སྡུག་གི་མུན་པ་སེལ་སའི་འོད་སྣང་ཡང་ཡོད། ཡིན་མོད་ཡིད་ཀྱི་བསྟེན་ས་དང་། སེམས་ཀྱི་སྨོན་འདུན། འཁྲེང་བའི་དུང་ས་ཉག་ཅིག་ཏུ་གྱུར་བ་ནི་རང་ཉིད་གནས་སའི་ཁོར་ཡུག་འདིའི་ཁྲོད་དུ་ཤེས་རིག་གི་འཐབ་རྩོད་ལ་འཇིགས་པ་མེད་ཅིང་། སྙིང་སྟོབས་དང་སྤོབས་པས་ཁེངས་བའི་གངས་རིའི་རང་མདངས་མངའ་བའི་སློབ་བུའི་ཚོགས་ཡིན་ནོ།།
སློབ་གྲོགས་ཚོའི་རོགས་རམ་དང་བཤེས་གཉེན་གྱི་བྱམས་བརྩེའི་འོད་སྣང་སེམས་ཁོང་ལ་འཐིམས་ནས། གསལ་བྱེད་སུམ་ཅུའི་དབྱངས་རྟ་སོགས་སྒྲ་འཛིན་དུ་བརྒྱུད་ཐེངས་རེར།ངའི་སྙིང་ནས་འགོག་མི་ནུས་པའི་བློ་སྟོབས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་བྱུང་ལ། སེམས་གཏིང་ནས་བརྗོད་མི་ཚར་བའི་ན་ཟུག་གི་འཁུན་སྒྲ་ཐོལ་གྱིས་ཤོར་འགྲོ།
གངས་རི་ལགས། ཁྱེད་ལ་གདོད་མ་ནས་དར་དཀར་གྱི་ལྷག་བསམ་ལྡན་ལ། གཟི་བྱིན་ཀྱི་བརྗིད་ཉམས་མཆིས། ཞུམ་མེད་ཀྱི་སྙིང་སྟོབས་ཡོད།ལྟོས་དང་རྟ་བདུན་དབང་བོས་ཁྱེད་ལ་བདེ་དྲོད་ཀྱི་ལང་ཚོ་སྦྱིན། ཁ་བ་དཀར་པོས་ཁྱེད་ལ་ལྷག་བསམ་ཀྱི་དངོས་གྲུབ་གནང་། ཁྱེད་ནི་མི་རིགས་ཀྱི་མཚོན་བྱེད་ལགས་པས།དུས་དང་རྣམ་པ་ཀུན་ཏུ་གངས་རི་དཀར་པོའི་ལྷད་མེད་ཀྱི་སྙིང་སྟོབས་དང་དྲི་མེད་དྭངས་གཙང་གི་ལྷག་བསམ་ལ་གོང་བཀུར་དང་གདེང་འཇོག་ལོས་བྱེད། |