དྲིན་ཆེན་ཨ་མའི་དགོངས་པ།
སྤེལ་མཁན། Admin
རྡེབ་ཚད།
སྤེལ་དུས། 10/03/31
དམའ་འབྲིང་གསུམ་གཉིས་འཛིན་གྲྭ པདྨ་མཚོ།
མི་ཡུལ་དུ་ལྷུང་བའི་ངུ་སྐད་ཐོག་མ་ནས་བཟུང་། ཨ་མའི་བརྩེ་སེམས་ཟབ་མོ་བདག་གི་མཚར་སྡུག་ལང་ཚོ་དང་ནམ་ཡང་བྲལ་མ་མྱོང་ལ། ཨ་མའི་སེམས་ཁོང་དུ་བུ་མོའི་གཟུགས་རིས་བོར་བའི་དུས་ཚོད་དེ་བས་ཀྱང་དབེན། ཨ་མའི་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་རེ་རེ་ངའི་གཞོན་དུས་ཀྱི་མིག་དཔེར་གྱུར་མྱོང་ལ། མི་ཚེ་འདིའི་འོད་དུ་འཚེར་བའི་ལམ་སྟོན་གྱི་སྒྲོན་མེ་རུའང་གྱུར་མྱོང་།
གྲོང་ཁྱེར་ནས་བོད་ལྭ་གྱོན་པའི་བུད་མེད་ཅིག་མཐོང་ཚེ། བདག་ཡིད་ཀྱི་མེ་ལོང་ངོས་སུ་དང་པོར་འཆར་བ་ནི་ཕ་ཡུལ་དུ་རྟ་ནོར་ལུག་གསུམ་གྱི་རྗེས་སུ་སྙེག་པའི་ཨ་མའི་གཟུགས་རིས་ཡིན། ཁོ་མོས་དཀའ་སྡུག་ཡོད་ཚད་ཕྲག་ཏུ་བཞེས་ནས་བརྩེ་སེམས་ཀྱི་མིག་ཞགས་དུས་དང་རྣམ་པ་ཀུན་ཏུ་བུ་མོའི་ཕྱོགས་སུ་འཕངས་ཡོད་པས།ཨ་མའི་བརྩེ་སེམས་ནི་ངའི་ཚེ་གང་གི་ལམ་རྒྱགས་ཡིན།
འཇིག་རྟེན་ན་ཆེས་གཟི་བརྗིད་ལྡན་པ་ནི་ཨ་མའི་བྱམས་བརྩེ་ཡིན་ལ་ཆེས་བརྗེད་པར་དཀའ་བའང་ཨ་མའི་དྲིན་ལན་རེད། དེ་བས་ཆུང་ཆུང་བྱིས་པ་ཚང་མས་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཡོན་ཏན་ལེགས་པར་སྦྱངས་ཏེ་ཕ་མའི་དགོངས་པ་ཇི་བཞིན་བསྒྲུབ་རྒྱུ་ནི་ང་ཚོས་དྲིན་ཆེན་གྱི་ཕ་མ་ཀུན་ལ་འཇལ་བའི་དྲིན་ལན་ཡིན་ལ། ཕ་མའི་བྱམས་བརྩེ་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་ནོ༎ |