སྔོ་ལྗང་གི་རྩྭ་ཐང་།
སྤེལ་མཁན། Admin
རྡེབ་ཚད།
སྤེལ་དུས། 10/03/31
དམའ་འབྲིང་གསུམ་བཞི་འཛིན་གྲྭ ཤ་བོ་བསྟན་འཛིན།
བདག་གི་ཕ་ཡུལ་ན་ངོ་མཚར་བའི་གནས་མཆོག་མང་བོ་མེད་མོད། འོན་ཀྱང་བུ་ཆུང་ངའི་སྙིང་ཁོང་ན་ནམ་ཡང་ལྷམ་མེར་འཚེར་ཞིང་མཛེས་སྡུག་ཡིད་དུ་འོང་བ་ནི་ཕ་ཡུལ་གྱི་འཚོ་བའི་རྟེན་གཞི་སྟེ ---------སྔོ་ལྗང་གི་རྩྭ་ཐང་དེ་ཡིན།
ལྗང་མདོག་གི་རྩྭ་ཐང་དེའི་སྟེང་དུ་སྐར་ཚོགས་ས་ལ་འཐོར་འདྲའི་རྟ་ནོར་ལུག་གསུམ་གང་འདོད་དུ་རྒྱུ་ཞིང་།སྔོ་ལྗང་གི་རྩྭ་ཐང་ཁྱེད་ཀྱིས་ནམ་ཡང་ཁོམ་པ་མེད་པར་རང་ཉིད་ཀྱི་ལང་ཚོ་གསར་བ་རྟ་ནོར་ལུག་གསུམ་ལ་སྦྱིན། མི་ལ་ལས་ཁྱེད་ཀྱི་རིན་ཐང་མ་ཤེས་པར་ཁྱེད་ཉིད་ཇི་ལྟར་རྡོག་བརྫིས་བྱས་ནའང་། ཁྱེད་ཀྱིས་ཚིག་གཅིག་ཀྱང་མི་བཤད་པར་བཟོད་པ་སྒོམ་ངེས། དེར་བརྟེན། ཁྱེད་ནི་རྟ་ནོར་ལུག་གསུམ་གྱི་འཚོ་བ་རོལ་སའི་གནས་མཆོག་ལགས། ཁྱེད་ནི་ཇི་འདྲའི་ཁོག་རྒྱ་ཆེ་བ་ལ་ཨང་། ང་རང་ཁྱེད་ཀྱི་རང་ལས་གཞན་གཅེས་ཀྱི་སྤྱི་སེམས་དེ་ལ་ཡིད་སྨོན་འཆོར།
མུ་མེད་རྩྭ་ཐང་ལགས།ཁྱེད་ནི་ཕ་ཡུལ་སྤུན་ཟླ་རྣམས་ཀྱི་འཚོ་བའི་གཞི་མ་ཡིན་ལ། ཚེ་སྲོག་ལ་ལང་ཚོ་གསར་བ་སྩོལ་བའི་བླ་མེད་ཀྱི་མགོན་པོ་ལགས། སྔོ་ལྗང་རྩྭ་ཐང་ལགས།ཁྱེད་ནི་ང་ཚོའི་འཚོ་རྟེན་ཡིན་ཏེ། རྒྱུ་མཚན་ནི་ང་ཚོའི་ཁོར་ཡུག་ཀུན་མི་གཙང་བའི་དྲི་མས་སྦགས་དུས་ཁྱེད་ཀྱིས་ང་ཚོར་དྭངས་གཙང་གི་མཁའ་དབུགས་གནང་། རྩྭ་ཐང་ལགས། ཁྱེད་ནི་ང་ཚོའི་དཔྲལ་བའི་མིག་དང་ཁོག་གི་སྙིང་ཡིན་ལ། ཁྱེད་ནི་ང་ཚོའི་རིན་ཐང་གཞལ་དུ་མེད་པའི་ཚེ་སྲོག་གི་གཟུང་ཐག་ཉིད།
དེར་བརྟེན།མ་ཡུམ་རྩྭ་ཐང་ལགས། བུ་ཆུང་ངས་ཁྱེད་ཀྱི་བླ་ན་མེད་པའི་མཛད་རྗེས་དེ་ལ་སྙན་གླུ་འདི་ལྟ་བུ་ཞིག་འབུལ་འདོད་དེ།
ཨེ་མ་སྔོ་ལྗང་གི་རྩྭ་ཐང་༎
འབའ་འབའ་ལུ་གུ་ཡི་ཕ་ས༎
འབྲོག་མིའི་ཡིད་འོང་གི་གཞི་ཁྱིམ༎
གངས་ཅན་མཐོ་སྒང་གི་རྒྱན་གཅིག། |