ཨ་ཕའི་ལས་དབང་།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 10/07/01

མཐོ་འབྲིང་དང་པོའི་འཛིན་གྲྭ་གསུམ་པ།

       ཨ་མར་ལོ་འགའི་སྔོན་ནས་ནད་ལྗིད་མོ་ཞིག་བྱུང་སྟེ་མལ་སར་ལྷུང་བས། ཨ་ཕ་ནི་བཟའ་མི་གང་བོའི་རེ་ས་དང་བརྟེན་སར་གྱུར། ང་ཚོའི་ཕ་ཡུལ་ནི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་པས་རོང་འབྲོག་གཉིས་ཀྱི་ལས་ཤིན་ཏུ་མང་། ཨ་མ་ནད་ཀྱིས་མནར་ཏེ་ཉལ་སར་ལྷུང་བའི་རིང་ལ། ཨ་ཕ་ནི་དུས་ཚོད་སྐར་ཆ་གཅིག་ལའང་ངལ་གསོ་ཁོམ་མེད་པས། ལུས་སྟོབས་ཉམ་ཞིང་བཞིན་གྱི་མདངས་ཤོར་འདུག ཡིན་ནའང་། ཨ་ཕས་སེམས་ཁུར་བྱེད་ས་ཉག་གཅིག་ནི་བུ་ཆུང་ངའི་སློབ་སྦྱོང་གི་རྒྱུགས་འབྲས་རེད། 
       ངའི་ཨ་ཕ་ནི་ཀ་ངོ་ཡིག་ངོ་ཙམ་ཡང་མི་ཆོད་པ་ཞིག་ཡིན་ནའང་། དུས་རྒྱུན་བདག་གིས་ལས་བྱ་ནན་ཏན་གྱིས་མ་བྲིས་པར་ནག་ནོག་དང་ཡིག་གཟུགས་འཁྱོལ་བ་བྲིས་ན་ང་ལ་ཤ་ཚ་བའི་སྒོ་ནས་སློབ་གསོ་གཏོང་བ་ཡིན།
       ལོ་ཟླ་གཙང་བོ་བཞིན་རྐང་འོག་ནས་བཞུར་ཞིང་། ཨ་ཕའི་བརྩེ་འདང་གི་མིག་ཟུང་སྔར་བཞིན་བདག་གི་རྒྱུགས་འབྲས་ཀྱི་སྐར་གྲངས་ལ་ཆགས་འདུག
       ད་ལྟ་བདག་ཀྱང་ནར་སོན་ནས་ཨ་ཕར་ལས་ཀ་ཕྲན་ཚེགས་ཙམ་ཞིག་ལས་རོགས་བྱ་ཐུབ་ནའང་། ཨ་ཕས་ནམ་ཡང་"ཁྱོད་ཀྱིས་ལས་ཀ་ལས་མི་དགོས། ཁྱོད་ཀྱི་འགན་ཁུར་ནི་སློབ་སྦྱོང་ཁོ་ན་ཡིན། སློབ་སྦྱོང་གི་ཕྱོགས་ནས་སྦྱངས་འབྲས་ལེགས་པོ་ཞིག་བླངས་ཏེ་སེམས་ཅན་ལ་ཕན་འདོགས་པ་ཞིག་ཏུ་འགྱུར་ཐུབ་ན་ལས་ཀ་འདི་དག་ཨ་ཕས་ལས་དང་ཆོག་"ཟེར།
       ཨ་ཕའི་ལུས་ཟུངས་སྔར་ལས་ཉམས་ནས་སྙིང་རྗེ་བ་ཞིག་ཏུ་གྱུར་ཡོད་ནའང་། ཤ་ཉེ་ཚོའི་ནང་དུ་ངེད་ཚང་ལ་རོགས་བྱེད་དུ་ཡོང་མཁན་མེད་ལ། ཨ་ཕས་ཁོ་ཚོར་ལས་བདའ་མི་བྱེད་པར་དཀའ་བ་ཡོད་ཚད་རང་གཅིག་པུས་ཕྲག་ཏུ་བླངས་ཏེ། ངའི་སློབ་ཡོན་གྱི་ཆེད་དུ་སེན་མགོ་ཁྲག་དང་སེན་སྟེང་རྣག་བྱས་ནས་ལས་ཀར་འབད་ཀྱིན་འདུག
       ངས་ཁྱིམ་ཚང་གི་དཀའ་སྡུག་དང་། ཨ་ཕའི་རེ་བ་ཡིད་ལ་བཅངས་ནས་སྦྱངས་འབྲས་ཀྱི་བྱ་དགའ་ཁྱེར་ནས་ཕ་ཡུལ་དུ་ལོག་ཐེངས་རེར། ཨ་ཕའི་གདོང་ལ་སྨྲ་མི་ཤེས་པའི་འཛུམ་ཞིག་ལངས་ཏེ་ཨ་ཕའི་གཅེས་ཕྲུག འདི་ནི་ཨ་ཕའི་སེམས་ཀྱི་འདོད་པ་ཡིན་ཞེས་བཤད་སྲིད། ངས་ཨ་ཕའི་འཛུམ་མདངས་དེ་མཐོང་ཐེངས་རེར་ཡིད་སེམས་སྨྲེང་ཞིང་རང་ནུས་ཡོད་ཚད་རྩལ་དུ་སྤྲུགས་ནས་ཚེ་སྨད་དུ་ཨ་ཕར་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་འཇུག་རྒྱུ་ཡིན་ཞེས་དམ་བཅས་པ་ཡིན།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།