སྲོག

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/04/08

 མཐོ་འབྲིང་གཉིས་གསུམ་འཛིན་གྲྭ བསྟན་འཛིན་དོན་འགྲུབ།

       ཟླུམ་གཟུགས་ནོར་འཛིན་འདིའི་སྟེང་དུ་འཚོ་སྡོད་བྱེད་པའི་མི་རིགས་གང་དང་གང་ཞིག་ཡིན་རུང་། རང་མི་རིགས་ཀྱི་སྐད་དང་ཡི་གེ་ནི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པས། མི་རིགས་ལ་དུངས་ཞེན་ཇི་ལྟར་ཆེ་ན་མི་རིགས་ཀྱི་སྐད་དང་ཡི་གེ་ལ་དེ་ལྟར་དུང་བའི་འདུ་ཤེས་ཤིག་ཡོད་ངེས་རེད། སྐད་དང་ཡི་གེ་གཉིས་བེད་སྤྱོད་དང་དར་སྤེལ་དུ་གཏོང་ཐུབ་པའི་མི་རིགས་དེར། འཛམ་གླིང་སྟེང་དུ་འཚོ་སྡོད་བྱེད་པར་རྒྱབ་བརྟེན་བཙན་པོ་ཞིག་མ་བཟོས་ལྷུན་གྱིས་གྲུབ་ཡོད་པར་མ་ཟད། མི་རིགས་ཀུན་ལས་དུས་ཡུན་རིང་བོར་འཚོ་གནས་བྱེད་ཐུབ་པ་དང་། ལྷག་པར་དུ། མི་རིགས་དེའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་འཕེལ་རྒྱས་སུ་འགྲོ་བར་རེ་བ་བརྟན་པོ་ཞིག་ཡོད་སྲིད། དེ་བས་སྐད་དང་ཡི་གེ་ནི་མི་རིགས་གང་དང་གང་གི་སྲོག་དང་རྣམ་ཤེས་ལྟ་བུ་ ཡིན་ལ། སྲོག་དང་རྣམ་ཤེས་ལྡན་པའི་མི་རིགས་དེར། ད་གཟོད་མ་འོངས་གསར་འབྱེད་ཀྱི་བློ་སྤོབས་དང་འཕེལ་རྒྱས་བརྩོན་ལེན་གྱི་འཚོ་བའི་འདུན་མ་མཆིས་བ་རེད།
       དེ་ཡང་ད་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཡི་གེ་འདི་ལ་བརྗོད་བདེ་ཞིང་སྦྱངས་སླ་བ། ཡུན་རིང་བ་སོགས་ཀྱི་ཁྱད་ཆོས་སྣ་ཚོགས་ལྡན་པས། གོ་ལ་འདིའི་སྟེང་གི་སྔོན་ཐོན་ཡིག་རིགས་ཀྱི་གྲས་སུ་བདམས་ཐོན་བྱུང་ཡོད་མོད། དེང་གི་དུས་འདིར། ང་ཚོའི་ཁོར་ཡུག་ཏུ་བསམ་བློ་ངན་པ་བརྡོལ་བའི་ཤན་ཤུགས་འོག བོད་ཡིག་མཁོ་མེད་སྨྲ་བ་དང་མི་རིགས་ཀྱི་སྐད་དང་ཡི་གེའི་གལ་ཆེན་རང་བཞིན་ལ་ཐུགས་ཁུར་མི་བྱེད་པ་དང་། སྐད་ཡིག་གི་རིན་ཐང་མི་ཤེས་མཁན་སོགས་བརྗོད་ཀྱིས་མི་ལང་བ་ཞིག་བྱུང་ཡོད་པ། དཔེར་ན། དེང་སྐབས་ཀྱི་སློབ་གསོའི་ལས་གཉེར་བྱེད་བཞིན་པའི་དགེ་རྒན་ལ་ལ་དང་སློབ་མ་ཁ་ཤས་ཀྱིས་བོད་སྐད་བོད་ཡིག་སྦྱངས་ན་རིན་ཐང་མེད་པར་འདོད་པ་དང་མདུན་ལམ་མེད་པར་སྨྲ་བ། བོད་སྐད་བོད་ཡིག་སྦྱངས་ཚེ་གྲུབ་འབྲས་གཡུར་དུ་ཟབ་བ་ཞིག་ལེན་མི་ཐུབ་པ་སོགས་མདོ་མེད་ཀྱི་འཆལ་གཏམ་དང་མ་དག་པའི་སློབ་གསོ་གཏོང་བཞིན་ཡོད་པ་དང་། རང་སྐད་ནང་རྒྱ་སྐད་བསྲེས་ནས་བསྙད་པ་བོད་རང་གི་ཕ་སྐད་གཙང་མ་སྨྲ་བ་ལྟ་བུའི་འདུ་ཤེས་སུ་གྱུར་ཏེ། རོང་འབྲོག་ཁུལ་གྱི་སྐྱེ་བོ་ལ་ལས་རྒྱ་སྐད་བསྙད་པ་ནི་རང་གི་གཟི་བརྗིད་ཅིག་ཏུ་བརྩི་བ་སོགས་མི་རིགས་ཀྱི་སྤྱི་དོན་རྫོབ་པའི་བསམ་སྦྱོར་གཅིག་རྗེས་གཉིས་མཐུད་དུ་བྱུང་བས། བོད་སྐད་བོད་ཡིག་གི་ལས་དབང་ལ་ཉམས་ཉེས་ཚབས་ཆེན་ཐེབས་ཀྱིན་ཡོད་པ་རེད། དེ་ལྟ་བུའི་བསམ་བློ་གཅིག་གྱུར་མ་བྱུང་བར་མཐུན་སྒྲིལ་མེད་ན་མི་རིགས་ཁ་ཐོར་དུ་འགྲོ་བའི་ཉེན་ཁ་ཆེ་བར་མ་ཟད། མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་རིག་གནས་ཀྱང་ཉམས་ཉེས་སུ་འགྲོ་བའི་ཉེན་ཁ་ཆེ་བ་རེད། མི་རིགས་གང་དང་གང་ཞིག་ཡིན་རུང་འཕེལ་རྒྱས་སུ་འགྲོ་བར་རང་རྐྱ་ཐུབ་པ་ཞིག་དགོས་ཚེ་ཐོག་མར་སྐད་དང་ཡི་གེ་གཉིས་ལ་བརྟེན་དགོས་པ་ལས་བྱ་ཐབས་གཞན་ཡེ་ནས་ཡོད་པ་མིན་ཏེ། “ཐུད་ཞིམ་པོ་མར་གྱི་དྲིན་དང་། །ཤ་ཞིམ་པོ་རྩྭ་ཡི་དྲིན། །” ཞེས་པ་ནང་བཞིན། མི་རིགས་ཤིག་དུས་ཡུན་རིང་བོ་འཚོ་བཞུགས་དང་རིག་གནས་རྒྱུད་འཛིན་བྱེད་འདོད་ན། ངེས་པར་དུ་མི་རིགས་ཀྱི་སྲོག་སྟེ། སྐད་དང་ཡི་གེ་ལ་གཅེས་སྐྱོང་ནན་མོ་བྱེད་དགོས་པར་སྙམ། 
       ཚན་རིག་གི་བང་ཁ་དར་བའི་བརྡ་འཕྲིན་གྱི་དུས་རབས་འདིར། རང་མི་རིགས་ཀྱི་རིན་ཆེན་གསེར་ལས་ལྷག་པའི་སྐད་དང་ཡི་གེའི་ཚེ་སྲོག་ལ་རང་གིས་གཅེས་སྐྱོང་མི་བྱེད་ན། གཞན་སུ་དང་གང་གིས་གཅེས་སྐྱོང་བྱེད་སྲིད་དམ། དེ་བས། བོད་ཀྱི་སློབ་གསོའི་ལས་འགན་ཁྲག་ཏུ་འཁུར་བའི་རྣམ་ཤེས་ཀྱི་བཟོ་སྐྲུན་མཁན་པོ་དག་གིས། འཚར་ལོངས་འབྱུང་བཞིན་པའི་རིགས་ཀྱི་རྗེས་རབས་པ་རྣམས་ལ་སྐད་དང་ཡི་གེའི་རིན་ཐང་དང་། གལ་ཆེན་རང་བཞིན། མཚར་སྡུག་འོད་སྟོང་ལྡན་པའི་འདས་སོང་གི་ལོ་རྒྱུས་སོགས་བསྙད་དེ། དེ་དག་རྒྱུད་འཛིན་དང་ཁྱབ་སྤེལ་ཕྱོགས་ལ་འབད་བརྩོན་བྱེད་དགོས་པའི་སྐུལ་མ་སྣ་ཚོགས་བཏང་ནས་བསམ་བློ་ལ་ཡར་སྐུལ་བྱེད་རྒྱུ་ཤིན་ཏུ་ནས་ ཀྱང་གལ་ཆེ་བར་མཐོང་ངོ་། ། དེ་ལ་ཀུན་གཟིགས་པན་ཆེན་མཆོག་གིས་ཀྱང་“མི་རིགས་ཤིག་ལ་མཚོན་ན། རང་གི་སྐད་དང་ཡི་གེ་གཞིར་འཛིན་རྒྱུ་ནི་ཧ་ཅང་གལ་ཆེ་བའི་བྱ་བ་ཞིག་ཡིན། དེའི་རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་ཡོད་པ་ནི་རང་མི་རིགས་གནས་རྒྱུ་དང་མི་རིགས་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་ཡིན་”ཅེས་གསུང་པ་དོན་ལ་གནས་བའི་ལེགས་བཤད་དུ་འཁུམས་ཤིང་། མི་རིགས་ཤིག་གི་ངོས་ནས་བཤད་ནའང་། སྐད་དང་ཡི་གེ་ནི་བླའམ་སྲོག་ལྟ་བུ་ཡིན་པ་དང་། དེ་ལ་འཛིན་པའི་ལྟ་ཚུལ་ནི་འཕེལ་རྒྱས་དང་གོང་འཕེལ་ལ་འབྲེལ་བ་ཡོད་པའི་གནད་དོན་ཁྱད་པར་བ་ཞིག་རེད།
       དེར་མ་ཟད། ང་ཚོ་བོད་གངས་ཅན་གྱི་རྗེས་རབས་པ་རྣམས་ཀྱིས། རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་ཤ་འབད་རུས་འབད་དང་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྟེན་ནས། རང་མི་རིགས་ཀྱི་སྐད་དང་ཡི་གེའི་ས་མ་ཤོར་བའི་སྟེང་དུ་རྒྱ་ཡིག་དང་དབྱིན་ཡིག་ལ་སོགས་པའི་སྐད་རིགས་སྣ་ཚོགས་ཀྱི་ས་བོན་གྲུང་བོ་བཏབ་སྟེ། རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་མི་རིགས་ཀྱི་མཚར་སྡུག་འོད་སྟོང་ལྡན་པའི་རིག་གནས་འདི་། མུ་མཐུད་དུ་འཐུས་ཚང་དང་མ་ལག་ཅན་ཏུ་བསྒྱུར་རྒྱུ་ནི་ཤིན་ཏུ་འགངས་ཆེ་ཞིང་བོད་མི་རིགས་ཀྱི་བླའམ་སྲོག་ཏུ་བརྫུས་བའི་སྐད་དང་ཡི་གེ་འདི་བསྐལ་བ་ནས་བསྐལ་བའི་བར་དུ་གནས་བར་མཐུན་རྐྱེན་བསྐྲུན་རྒྱུ་དེའོ། །

Copyright 2006-2010 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།