ཀུན་གཟིགས་པཎ་ཆེན་དྲན་པའི་གདུང་ཡུས།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/04/18

 མཐོ་འབྲིང་གཅིག་ལྔ་འཛིན་གྲྭ སྐལ་བཟང་ལྷ་མོ།

       གངས་དེ་རྒྱལ་བའི་གསུང་གསུམ་ཁ་བའི་རྡུལ། །
        བརྗིད་ཆགས་གངས་ཀྱི་ལྷུན་པོར་རྫོགས་པའི་བྱིན།། 
       གངས་ལྗོངས་བསྟན་སྲིད་འཕྲུལ་གྱིས་འདེགས་པའི་མགོན།། 
       ཁྱོད་གཞན་སྲིད་པ་འདི་ན་དམིགས་སུ་མེད།། 
       མ་བཅོས་ལྷུན་གྱིས་གྲུབ་པ་གཉུག་མའི་སེམས།།
        ཡེ་ནས་གངས་རིའི་དཔལ་དུ་དུངས་ཆེ་བས།། 
       རྒྱ་སྟག་མཆེ་བ་རྣོ་བའི་རྫོང་དུ་ཡང་།། 
       འགྱུར་མེད་རྡོ་རྗེའི་ཐ་ཚིག་ནན་གྱིས་བསྒྲགས།། 
       བསིལ་ལྗོངས་སྤོས་དཀར་ནགས་མའི་ཚལ་ཡངས་པོར།། 
       ཁྱེད་ཐུགས་ལྷག་བསམ་ཕྱག་གིས་བཏབ་པའི་སེམས། 
       དུས་རབས་འོ་མའི་ཆབ་གྱིས་དཔལ་སྦྱིན་པས།། 
       རེ་འབྲས་མེ་ཏོག་འཛམ་གླིང་སྤྱི་བོའི་རྒྱན།། 
       ཁ་བ་བུ་ཡུག་རྩུབ་མོའི་རྣོ་དབལ་གྱིས།། 
       ཁྱེད་སྐུའི་མེ་ཏོག་ཚལ་བ་བརྒྱར་གཏུབས་ཀྱང་།། 
       གངས་ལྗོངས་བོད་མིར་སྨན་པའི་ལྷག་བསམ་གྱིས།། 
       ཁ་བའི་ཡུལ་གྲུ་བདེ་བའི་དཔལ་དུ་མགོན།། 
       གང་ཚེ་ཁྱེད་སྐུ་ཉི་གཞོན་གསར་བའི་མདངས།། 
       འཛུམ་པའི་གསུང་དབྱངས་ཁུ་བྱུག་གདངས་དང་ལྷན།། 
       ས་མཐོའི་མཁའ་དབྱིངས་མཐོན་པོར་འཆར་ལེགས་པས།། 
       མགོ་ནག་སྐྱིད་ཀྱི་དབུ་འཕང་དགུང་དུ་བཏེགས།། 
       དུས་ཀྱི་གཏུམ་མོ་ཁྲོས་པའི་འགྱུར་བག་གིས།། 
       གངས་ལྗོངས་བསྟན་སྲིད་སྐྱོང་བའི་ཕོ་ཉ་བ།། 
       རེ་ཞིག་ཞི་བའི་མཁའ་ལ་གཤེགས་ཟིན་ཀྱང་།། 
       ཞབས་སྐྱེས་པད་མོཟླ་གཟུགས་ཇི་བཞིན་སྣང་།། 
       ཞི་དྲག་བསྟན་སྲིད་སྐྱོང་བའི་ཁུར་ཆེན་པོ།། 
       ཁྱེད་ཐུགས་ཁོ་ནས་བཏེགས་པ་ཨེ་མ་རྨད། ། 
       སེམས་ཀྱི་མེ་ལོང་གཙང་མར་བབས་པའི་བྱིན།། 
       ད་དུང་ཁ་བའི་ཡུལ་ན་འོད་དུ་འཚེར།། 
       དེ་ལྟར་ཁྱེད་སྐུ་གཤེགས་པའི་གདུང་ཡུས་ཀྱིས།། 
       ཡ་ཆུང་གངས་དཀར་མཚོ་མོ་འཁྱིལ་བའི་ཀློང་།། 
       དུངས་སེམསའོ་མཚོ་སྐྱོམས་པའི་རླབས་རྒྱུན་བཞིན།། 
       དྭངས་གཙང་མཁའ་ལ་འཕྱུར་བ་ལན་ཅིག་མིན།།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།