ཐོལ་བྱུང་གི་འགྱུར་ཁུགས།
སྤེལ་མཁན། དབང་གྲགས།
ཡོངས་ཁུངས། ངེད་དྲ་བ།
རྡེབ་ཚད།
སྤེལ་དུས། 11/05/14
མཐོ་འབྲིང་གཉིས་གསུམ་འཛིན་གྲྭ བསྟན་འཛིན་དོན་འགྲུབ།
བུ་མོའི་འཁྲུལ་སྣང་།
གཟུགས་མཛེས་གཤིས་བཟང་མཛེས་མའི་ཁྱད་ཆོས་མེད།།
རྒྱུད་ན་ལུགས་གཉིས་ཤེས་བྱའི་ཡོན་ཏན་དབེན།།
བྲང་ན་ལྡེམ་ལྡེམ་འགུལ་བའི་ཤ་ལོག་གིས།།
རྨི་ལམ་འཚོ་བར་བརྫིས་བ་ཀྱེ་མ་ཧུད།།
སྟག་ཤ་ར།
ཕ་མའི་དྲིན་གྱིས་བསྐྱངས་པའི་སྟག་ཤ་ར།།
ངེས་མེད་གྱང་ཁའི་རྩ་ཡི་ངང་ཚུལ་གྱིས།།
རང་ཚུགས་མེད་པར་ཆུང་མའི་ཁར་རྒྱུགས་ནས། །
ཕ་མ་གསོ་སྐྱོང་མི་བྱེད་སྡང་མིག་སྟོན།།
བཙུན་པ།
ཐར་བ་དོན་དུ་གཉེར་བའི་བྱམས་སེམས་ཅན།།
མཁས་བཙུན་བཟང་གསུམ་མཛེས་པའི་རྒྱན་ལ་སྤྲས།།
སྲོག་གི་ལང་ཚོ་གངས་རིའི་ལྗོངས་ལ་འདྲེས།།
མི་རིགས་ལས་དབང་གསོ་བའི་མ་མ་ཉིད།།
ལས་དབང་།
སྐྱེས་རྒ་ན་འཆི་མི་རྟག་ལས་ཀྱིས་བྱས།།
སང་གི་བྱ་བ་མི་གསལ་ལས་ཀྱིས་བསྐྲུན།།
རང་བྱུང་གནོད་པ་འབྱུང་མིན་ལས་ཀྱིས་བྱེད༎
ལས་ཀྱི་བཀའ་ལ་སུ་ཡང་བཟློག་ཏུ་མེད༎
དགེ་རྒན།
མུན་པའི་འོད་སྣང་སེལ་བའི་སྒྲོན་མེ་ཡིས། །
མ་འོངས་འབྱུང་འགྱུར་ཕྱོགས་ལ་ལམ་སྟོན་དང་།།
བློ་ངན་གཤིས་གྱོང་སློབ་མའི་རྣ་བ་རུ།།
གཞན་ཕན་གསེར་གྱི་བྱེ་མ་གཏོར་འདི་རྨད།།
བརྩེ་འཕྲིན།
གཤིས་བཟང་སྤྱོད་པས་སེམས་ཀྱི་འདུན་མ་བསྐུལ།།
སེམས་གྱི་འདུན་མས་བརྩེ་བའི་གཞུ་མོ་བཀུག།
བརྩེ་བའི་གཞུ་ལ་ཉག་ཕྲན་སྙིང་གཏམ་སྦྱར།།
གཏམ་གྱི་མདའ་མོ་གྲོགས་པོའི་མདུན་ལ་བསྲིངས།། |