ཉི་མ་དང་ཉི་མའི་ཚོ་བ །

སྤེལ་མཁན། པདྨ་རིག་འཛིན། ཡོངས་ཁུངས། ཆུ་མིག་ལོ་རིམ་ཚགས་པར ་ལས། རྡེབ་ཚད། སྤེལ་དུས། 12/10/20

       ཉི་མ་ནི་མེས་པོའི་ཁ་ཆེམས་ལ་འཇུས་ནས་འོངས་ཟེར། ཉི་མ་ནི་ལྷ་ཡི་ལུང་བསྟན་གྱི་བསྐྱལ་ནས་འོངས་ ཟེར། རྩེད་ཐང་མགོན་པོ་རི་ནས་རྨ་ཀླུང་སྔོན་མོའི་འགྲམ། གངས་ཀྱི་རི་བོའི་རྩེ་ནས་རྒྱ་མཚོ་ཆེན་པོའི་མཐའ་། ཉི་མའི་ཚོ་བ་ཆུང་ཆུང་ཉི་འོད་གར་ཁྱབ་དུ་སླེབས་པས་དད་འདུན་གྱི་རྩེ་མོར་གཟི་བརྗིད་ཀྱིས་འཚེར། རེ་སྨོན་གྱི་ཁུགས་ པར་མཛེས་སྡུག་གིས་འཁྱིལ།

       གནའ་སྔ་མོ་སྔ་མོ་ཞིག་ལ། ཉི་མས་སྙིང་སྟོབས་ཀྱི་འཕག་འཚག་ཤིག་གིས་རྒྱ་གར་ཆུ་བོའི་འགྲམ་དུ་ལྕགས་ཀྱི་རྡོ་རིང་ བསླངས་ཟེར། རྒྱ་ནག་ཕོ་བྲང་ཆེན་མོར་བཀའ་ཡི་ཐ་ཚིག་བསྒྲགས་ཟེར། རེ་སྨོན་གྱིས་བཏེགས་པའི་ཉི་མའི་ཚོ་བའང་་་་་་་་

       བྱམས་སེམས་ཀྱི་རྐང་རྗེས་འཇིག་རྟེན་ལ་ཐོག་མར་སྤོ་མཁན་ཡང་ཉི་མ་ཡིན་ལ། དཔའ་རྒོད་ཀྱི་དར་མཚོན་སུམ་ གཉིས་ས་རུ་བསྒྲེངས་མཁན་ཡང་ཉི་མ་ཡིན། མེས་པོའི་ཞབས་རྗེས་ལ་ཁྲག་གི་རྫོགས་རྟགས་བཀོད་མཁན་ཀྱང་ཉི་མ་ཡིན་ལ་བཙན་པོའི་བྲང་ཁོང་དུ་བདུད་ཀྱི་མདའ་མོ་འཕེན་མཁན་ཡང་ཉི་མ་ཡིན།

       ཉི་མ་སླེབས་པའི་ཉིན་ནས་བཟུང་། ཉི་མའི་ཚོ་བར་ལྷ་ཀླུ་འཐབ་འཁྲུག་གི་བདན་གང་སར་གཡོས་ཤིང་འདྲེ་ སྲིན་འདུར་རྒྱུག་གི་རྐན་སྒྲས་རི་ཀླུང་ཁེངས། དུས་བཞིའི་འཕོ་འགྱུར་གྱི་སྐྱི་གཉེར་བར་ནས་ཉི་མའི་ཚོ་བ་ཆུང་ཆུང་། ལས་དབང་གི་རླུང་བུ་ཕྲ་མོའི་འདེགས་འཇོག་ཁྲོད་ལན་རེར་འོད་དུ་འཚེར་ཤིང་མཚམས་རེར་མུན་པས་གཡོགས།

       ཉི་མ་དང་ཉི་མའི་ཚོ་བའང་ ལྷ་ཡི་ཞིང་ཁམས་ནས་ཀླུ་ཡི་ཕོ་བྲང་། དུད་འགྲོའི་ཁྱུ་ཚོགས་ནས་དམྱལ་བའི་ཟངས་ཁ། ཉི་མ་མ་སོང་ས་དེ་གཅིག་ཀྱང་མེད་ལ་ཉི་མ་མི་འགྲོ་སའང་གཅིག་ཀྱང་མེད་པ་འདྲ།

       ཉི་མ་བོད་སྐད་བཤད་པར་ངོ་ཚ་བས་ཉི་མའི་འཚོ་བར་བདེན་དོན་གྱི་གླུ་དབྱངས་བླངས་ཀྱང་སྙིང་སྟོབས་ཀྱི་དབྱངས་རྟས་དབེན། ཉི་མ་བོད་ལ་གྱོན་པར་ཡིད་མུག་པས་ཉི་མའི་ཚོ་བར་མཐུན་སྒྲིལ་གྱི་བྲོ་གར་འཁྲབ་ཀྱང་རྟག་བརྟན་གྱི་ལང་ཚོ་བྲལ།

       ཉི་མ་སུམ་བརྒྱ་དྲུག་ཅུ་ལ། ཉི་མའི་ཚོ་བར་དགའ་སྟོན་གྱི་ཡོ་ལང་འཁྲིགས། ཉི་མའི་གླུ་ཆུང་བླངས། ཨ་མར་མིག་ཆུ་འགྲིལ། ཉི་མ་གར་ལ་ཆས། ཨ་ཕར་སྙིང་རླུང་ལངས། ཡོད་ཚད་མིག་ཅེ་རེར། ཨུ་ཚུགས་ཀྱི་ཐབ་མོའི་རྡེབ་སྒྲའི་ཁྲོད་ཉི་མར་འཛུམ་མདངས་ཤིག་ཤིག

       ཡོད་ཚད་ཐོབ་པའི་ཉིན་ནས་བཟུང་ཡོད་ཚད་ཤོར་སོང་བའང་བདེན་ལ་ཡོད་ཚད་ཤོར་བའི་ཉིན་ནས་བཟུང་ཡོད་ཚད་ལ་འཁྲེང་སེམས་མེད་པའང་བདེན། སྙིང་སྟོབས། ལ་རྒྱ། མཐུན་སྒྲིལ། བརྩེ་དུང་། ཤེས་རིག ཡོད་ཚད་ཨུ་ཚུགས་ཀྱིས་བསླེས་པའི་རེ་སྨོན་གྱི་ཁ་བཏགས་ཡུག་གཅིག

       ཨོ ཉི་མ་ནི་དུས་གསུམ་གང་རུང་གི་བདག་པོ་ཆུང་ཆུང་སྟེ། ཡིག་དྲུག་གི་དབྱངས་རྟའི་ཁྲོད་ནས་སང་ཉིན་གྱི་སྒོ་གླེགས་རྡུང་བའི་ཁྱོད་དང་ང་ ད་དུང་གཞན་དག་ཀྱང་་་་་་་་་་་

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།