ངར་ལྕགས་ཀྱིས་བརྡུང་བའི་བླ་སྲོག

སྤེལ་མཁན། གནམ་བུ་ཀུན་བཟང་། ཡོངས་ཁུངས། རང་རྩོམ། རྡེབ་ཚད། སྤེལ་དུས། 13/06/01

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་འཛིན་བདག་ཡོངས་ལ་ཕུལ་བའི་ཚིག་རྐང་ཆིག་བརྒྱ་མ།

དབང་སྔོན་ཞུན་མའི་ཁུ་བ་ལྟེམ་འདྲའི་རྨ་ཀླུང་སྒེག་མོའི་བཞིན་སྟེང་ན། །
སྐྱེས་ཆེན་དམ་པའི་ཞབས་སེན་པདྨའི་གཟི་བྱིན་འདབ་མ་ལྷུག་གྲོལ་ཞིང་། །
ཐུགས་རྗེའི་རྒྱུན་གྱིས་རབ་ཏུ་བསྐྱངས་པའི་ལྔ་རིག་ལྡིང་ཁང་དྲོད་འབར་བ། །
མཚན་སྙན་གྲགས་པའི་བ་དན་དཀར་པོ་སྲིད་རྩེར་གཡོ་བ་གང་དེ་རྒྱལ། །
རབ་དཀར་ཚོགས་བསགས་བསོད་ནམས་སྨིན་ལེགས་སྐལ་བཟང་གདེངས་ཅན་རོལ་བའི་གནས། །
ལུང་རིགས་བཞི་ལྷག་དྲུག་ཅུའི་གསུང་གི་ཡན་ལག་ཚང་བའི་སྣོད་འཛིན་པ། །
ཤེས་རིག་འདབ་རྒྱས་མཚུངས་མེད་བློ་གྲོས་ཟེའུ་འབྲུ་ལྡིང་ཞིང་འཕྱོ་བ་ཡི། །
མ་རིག་རྨོངས་པའི་སྨག་མུན་མཐར་བྱེད་གཏུམ་སྤྱོད་ལྕགས་སྒྲོག་འགྲོལ་མཁས་རྨད། །
སྒྲིག་ཁྲིམས་སྲོལ་ལུགས་ཞུན་བརྡར་གཅོད་ཅིང་རིས་མེད་སྲང་མདའ་འཛིན་མཁས་ཤིང་། །
དོན་གྱི་གནད་ལ་བློ་གྲོས་མི་ཆུང་མཁྱེན་དཔྱོད་ཡངས་པའི་ཀློང་བརྡོལ་བ། །
གོང་ལ་ཞུ་ཤེས་གཤམ་ལ་སྐྱོང་མཁས་བསླུ་མེད་ཚད་མར་ངེས་པ་ཡི། །
སློབ་གསོའི་བྱེད་པོའི་ཟླ་ཚེས་གསར་བའི་འཛུམ་ཞལ་འོག་ན་དགེ་རྣམས་སྐྱིད། །
རྫོགས་ལྡན་གསར་བའི་རིག་གཞུང་འཆད་ཁྲིད་འཇིགས་མེད་སེང་གེའི་ང་རོའི་དབྱངས། །
རྟག་ཏུ་ཤེས་ཡོན་འཚོལ་བས་མི་ངོམས་སྐལ་བཟང་རྣ་བའི་བདུད་རྩི་རུ། །
རྒྱུན་ཆད་མེད་པར་ཉིན་མཚན་རེས་སུ་བརྩེ་བའི་ངག་གི་སྒྲོག་མཛད་པོ། །
མཁྱེན་དཔྱོད་ལྡན་རྣམས་སྐུ་ངལ་ཆེ་ཡང་འཛིན་བདག་ལྷག་དོན་ཞུ་བར་སྤྲོ། །
ཤར་ཕྱོགས་སྨག་གི་སྒྲིབ་པ་ལྷོད་ཅིང་ཐོ་རེངས་དུས་ཀྱི་དང་པོ་ལ། །
བདེ་འཇམ་མལ་ནས་ངོ་མཚར་རྨི་ལམ་མངོན་དགའི་ཞིང་དུ་བསྐྱོད་པའི་ཚེ། །
ཚངས་སྲས་བུ་མོའི་སྙན་འགྱུར་དང་བསྡེབས་གཉིད་སློང་ཅོང་གིས་སྐུལ་བ་ན། །
བདེ་སྐྱིད་རྫོགས་ལྡན་དགའ་མའི་རུམ་དང་གཅེས་ཕྲུག་བཞིན་འབྲལ་སུས་བཟོད་ཨང་། །
མི་རིགས་སློབ་གསོའི་ལྷག་བསམ་དབང་བོ་རི་བོང་མཚན་མས་མ་སྦགས་ཤིང་། །
རིག་གྲོལ་ཡོན་ཏན་ལྷན་དུ་རྫོགས་ཤིང་ཀུན་སློང་རབ་དྭངས་ཨ་དར་ཤས། །
གཡེང་བ་གསུམ་ལས་རྣམ་པར་རྒྱལ་ཞིང་སྐྱ་རེངས་གསལ་བར་འགྲན་སློང་སྐབས། །
རྟ་བདུན་དབང་བོས་འཕྱི་སོང་སྙམ་ནས་ཤར་རའི་རྩེ་ནས་ནོངས་བཞིན་འཕགས། །
གཞི་ཁྱོན་ཡངས་པོའི་སློབ་རྭའི་ར་སྐོར་རང་ཁྱིམ་མ་ཡིན་འཛུལ་བར་སྤྲོ། །
རྣམ་རིག་གྲུང་བོའི་སྐལ་ལྡན་བུ་སློབ་གཅེས་ཕྲུག་མིན་ཡང་མཐོང་བས་འཛུམ། །
ཞོགས་པའི་སྐྱོར་སྦྱོང་སྙན་དུ་མེད་མོད་ཐོས་འཇིན་བུ་གར་གསོས་སུ་སྨིན། །
ཚུལ་དེ་མཐོང་བས་གངྒཱའི་སྲིང་མོའི་ལང་ཚོའི་སྙེམས་པ་ཁྱོད་ལ་ཆགས། །
ཟོལ་མེད་རྣམ་དག་བསམ་དང་སྦྱོར་བའི་ཀུན་སློང་ཉི་ཟླའི་འོད་སྣང་གིས། །
བློ་གསལ་བྱེ་བའི་མ་རྟོགས་ལོག་རྟོག་འཕྲུལ་སྣང་མུན་པ་འཇོམས་བྱེད་ཅིང་། །
གནས་ལུགས་ཟབ་མོའི་ལེགས་བཤད་གསུང་དབྱངས་དྲི་མ་བྲལ་བའི་ཆར་རྒྱུན་གྱིས། །
བླང་དོར་འཇུག་ལྡོག་གནས་ལ་རྨོངས་པའི་མ་དག་བློ་རྣམས་གཙང་མར་བཀྲུས། །
བདེ་བྱེད་བདག་པོའི་འཕོང་སྐྱེན་སྣ་ལྔས་ཕོག་ཚད་མཐོ་རིས་ཡུལ་དུ་འདྲེན། །
ལས་སྒྲིབ་ངན་པའི་སྡིག་ཏོ་ཅན་རྣམས་གཤིན་རྗེའི་དབང་གིས་དམྱལ་བར་འཕེན། །
ཕྲ་ཞིབ་རྣམ་དཔྱོད་མཁྱེན་བརྩེ་ཡངས་པའི་ཁྱོད་ཀྱི་ཤེས་རབ་ཟབ་མོ་ལས། །
ཤོར་བའི་སྒྲོ་ལྡན་ཚིག་གི་མདའ་མོས་བློ་གསལ་ཐར་བའི་ལམ་དུ་བཀོད། །
རིགས་རུས་ཐ་དད་ཡོང་ཁུངས་མི་གཅིག་ཕོ་མོ་བཅུ་གྲངས་དྲུག་ཉེ་བར། །
དབང་བོའི་མིག་ལྟར་སོ་སོའི་རྒྱུད་ན་སྐྱོན་སྣ་གྲངས་ཀྱིས་ཟིན་པ་མེད། །
ཕྱུག་པོའི་མཛོད་བཞིན་སྡིག་ལྟུང་རྒྱུར་གྱུར་ཉེས་སྤྱོད་ཟད་དུ་མེད་མོད་ཀྱང་། །
འཁོན་འཛིན་ཆགས་སྡང་རིས་སུ་མ་ལྷུང་སྙོམས་པོར་སྐྱོང་མཁས་ཁྱོད་ལས་སུ། །
མགྲིན་སྔོན་ཅན་གྱི་དཔྲལ་བའི་མིག་གིས་ཉག་ཕྲན་བདག་པོ་སྲེག་པར་བྱས། །
ཁྱབ་འཇུག་ཕྱག་གི་རྩེ་བརྒྱད་འཁོར་ལོས་སྒྲ་གཅན་མགྲིན་པ་རྩད་ནས་བཅད། །
འོན་ཀྱང་ཁྱོད་ཀྱི་ཁྲོ་བའི་སྡང་མིག་གློག་ཞགས་བཞིན་དུ་འཁྱུག་པ་ན། །
རྒོལ་ངན་སྨྲ་བའི་ཀུ་མུད་ཟུམ་ཞིང་དཔྱོད་ལྡན་ཡིད་ཀྱི་པད་དཀར་འཛུམ། །
བུ་སློབ་སུ་ལ་འབྱུང་གཞི་དཀྲུགས་པའི་མི་འདོད་ནད་ཀྱིས་གཙེས་བའི་སྐབས། །
གང་ཞིག་སེམས་པ་རྒྱ་ཡན་འཁྱམས་ཏེ་སློབ་ལ་སྤྲོ་བ་མེད་པའི་དུས། །
དེ་གཞན་ད་དུང་ང་རྒྱལ་སྣང་བས་གཞན་སྡེ་གྱོད་ལ་འདྲེན་པའི་ཚེ། །
གསོ་དཔྱད་མཁན་པོ་སེམས་པའི་རུ་འདྲེན་སྟོབས་ཅན་བདག་པོའང་ཁྱོད་ཡིན་ནོ། །
གང་གཱའི་འགྲམ་དུ་མིའི་ཐུང་ཅན་དེས་ཁྲུས་བྱེད་མཐོང་དུས་ལྷ་མིན་དགའ། །
ཆར་སྤྲིན་སྟུག་པོས་མཁའ་དབྱིངས་བསྒྲིབས་དུས་གཞན་གསོས་བུ་མོས་དགའ་འབོད་སྒྲོག །
མགོན་ཁྱོད་ཉིན་མཚན་དབྱེར་མེད་ངང་དུ་སློབ་རའི་གླིང་ན་མངོན་པའི་ཚེ། །
འགོ་ཁྲིད་མཆོག་གི་བློ་ཁ་བརྟན་ཞིང་བློ་གསལ་ཚོགས་ཀྱི་ཡིད་རབ་མགུ །
འདོད་ཡོན་ཅན་རྣམས་ཁེངས་པ་མེད་པར་འཇིག་རྟེན་འདོད་རྒུའི་ནོར་ལ་ཞེན། །
ཆགས་སྲེད་ཅན་རྣམས་ཉིན་མཚན་དབྱེར་མེད་བཅུ་དྲུག་བུ་མོའི་ལང་ཚོར་སྡང་། །
དེ་གཉིས་མཐའ་མར་རྒུད་པ་ཡིན་ཡང་རེ་ཞིག་བློ་ཡིད་བདེ་བས་ཚིམ། །
ཁྱོད་རང་གླིང་དེར་འབྲལ་དུ་མེད་པ་ཉེ་འགྱངས་གང་གི་དོན་དུ་ཡིན། །
སེ་ཆེན་ཧན་གྱིས་འགྲོ་མགོན་འཕགས་པར་ཁྲི་སྐོར་བཅུ་གསུམ་ཡོན་དུ་ཕུལ། །
བརྒྱ་བྱིན་མཆོག་གིས་འཕྲོག་བྱེད་བདག་པོར་གང་གཱའི་ལྷ་མོ་རྟིང་མར་བསྩལ། །
དད་པའི་སྟོབས་ཀྱིས་མཁའ་འགྲོ་ཡེ་ཤེས་སློབ་དཔོན་པདྨའི་སྐལ་མར་སྦྱིན། །
དེ་བཞིན་ཉི་ཟླའི་ཅོད་པན་བཏགས་ཀྱང་ཁྱོད་ཀྱི་བཀའ་དྲིན་མཚོན་དུ་མེད། །
རྟ་བདུན་དབང་བོར་ཕན་ནུས་ཆེ་ཡང་འཆར་ནུབ་རེས་ཀྱི་ངལ་གསོ་ཡོད། །
ཆུ་ཀླུང་ཆེན་མོས་སྐྱེ་རྒུའི་གདུང་སེལ་དགུན་དུས་མལ་དུ་གཟིམ་པར་འགྱུར། །
སྲིད་ཞིའི་ཕན་བདེའི་དོན་དུ་མ་ཡིན་བྱམས་བརྩེའི་འོ་མཚོ་རྟག་འབབ་ཅིང་། །
གྲགས་སྙན་ནོམ་པ་བསམ་དུ་མེད་ཁྱོད་བསྐལ་བརྒྱའི་བར་དུ་ཡོད་རེ་སྐན། །
རྣམ་དཔྱོད་རིག་པའི་བློ་རྩལ་འགྲན་དུས་ཁྱོད་ནི་རྒྱལ་བ་གཉིས་པ་མཆོག །
ཡིད་གཉིས་རྨོངས་པའི་དབང་དུ་གྱུར་ཚེ་འཇམ་པའི་དབྱངས་ཀྱི་སྲས་པོ་ཉིད། །
ག་ཞ་རྩེ་མོའི་དགོད་ཁ་སློང་དུས་དཔྱོད་ལྡན་མགུ་བའི་གཏེར་བདག་པོ། །
ཤེས་ཀུན་ཡོངས་འདུས་རྣམ་གྲོལ་ཁྱོད་འདྲ་སྲིད་མཐར་བཙལ་ཡང་ངལ་བའི་རྒྱུ། །
རྣམ་ཀུན་ངག་འཇམ་བྱམས་བརྩེས་ཁྱབ་གྱུར་ཕྱག་ན་པདྨའི་ངང་ཚུལ་འཛིན། །
རྒོད་དང་མ་རུང་བསམ་སྦྱོར་མངོན་དུས་གསང་བའི་བདག་པོའི་སྙེམས་པ་འཕྲོག །
ཐབས་ཤེས་རྩལ་རྫོགས་གང་ལ་དེ་བསྟུན་ཟས་གཙང་སྲས་པོའི་ཟླར་རུང་བ། །
སྤྱོད་བཟང་ཆུ་རྒྱུན་འཇིག་རྟེན་ལས་འདས་དཀའ་ཐུབ་ཅན་རྣམས་དངན་པ་ཤོར། །
ཕྲ་རགས་དོན་རྐྱེན་གང་རུང་བྱུང་དུས་ཁྱོད་ནི་རླུང་གི་གཤོག་པ་ཅན། །
ལེགས་ཉེས་རྟིང་མཐའ་མཆོག་དམན་འབྱེད་དུས་ཁྱོད་ནི་ཏིང་འཛིན་རྒྱ་མ་ཉིད།།
ཕྲག་དོག་སྡང་སྡིགས་དམོད་ཚིག་འབྱིན་དུས་བྱ་ལམ་ཡངས་པོའི་སེམས་མངའ་བས། །
འཇིགརྟེན་བྱེད་པོས་སྟོང་བའི་དབྱིངས་ནས་ཟུར་མིག་འཁྲེན་བཞིན་འཁྱོག་ནས་ལྟ། །
ཁ་བའི་འདབ་མ་གསེར་ཕྱེར་འཁྲུལ་ཡང་དེ་ཉིད་འཐུ་བའི་ཁོམ་ལོང་བྲལ། །
དཔྱིད་ཀྱི་སྦྲང་ཆར་བདུད་རྩིར་གྱུར་ཀྱང་གཟེད་པའི་འདུན་པ་སྤངས་པའི་མུར། །
རླབས་ཆེན་ལས་དོན་ཕྲག་ན་ཡོད་སྙམ་དཔའ་སྤོབས་ཆེན་པོས་སྐུལ་བ་ཡིས། །
སློབ་རྭའི་གླིང་དུ་དུག་ཚེར་གཟེངས་ཡང་ཞེད་སྣང་མེད་པར་འཇུག་པར་སྤྲོ། །
རེ་བའི་སེམས་པ་གདུང་བས་གཟིར་དུས་ཕྱག་ཏུ་བདུད་རྩི་བུམ་བཟང་བསྣམས། །
འཕྲོ་བའི་ཡིད་ཡུལ་ཚ་བས་སྲེག་སྐབས་དཔག་བསམ་ལྗོན་པའི་ཡལ་འདབ་འཆིང་། །
སྒྱུ་མའི་ལུས་པོ་གཡེང་བས་ཁྱེར་དུས་རྩེ་རྣོན་རྣོ་ངར་ལྕགས་ཀྱུ་འཛིན། །
དེ་འདྲའི་ལུང་རིགས་གཏེར་བརྒྱའི་རྒྱུད་ལས་མ་གྲོལ་ལས་ངན་སུ་ཞིག་ལྷག །
གེ་སར་རྒྱལ་བོས་དགྲ་འདུལ་གཉེན་སྐྱོང་སྙན་དུ་འཇོ་ཡང་ལྷ་སྒྲུང་ཙམ། །
མཆོག་སྦྱིན་དཔའ་བ་དྲི་མེད་ཀུན་ལྡན་དམངས་སྒྲུང་མཁན་པོའི་ངག་ན་མཛེས། །
སྟག་མོ་ལུས་སྦྱིན་སྤྱོད་པ་མཚར་ཡང་ཆོས་སྤྱོད་རྣམས་ཀྱི་འཇུག་ཡུལ་ཡིན། །
མངོན་སུམ་སྤྱོད་པས་མཛད་འཕྲིན་ལྷུར་ལེན་ཁྱོད་ཀྱི་རྡོ་རིང་གང་དུ་འཛུགས། །
སྐྱ་རེངས་མཛེས་མའི་འཛུམ་བག་མདངས་ཀྱིས་མངོན་པར་བསླུ་བ་མ་ཡིན་ཞིང་། །
ས་སྲོད་སྨག་གི་མཆེ་སྡེར་རྣོན་པོར་འཇིགས་ཤིང་སྐྲག་པའང་མིན་མོད་ཀྱང་། །
དུས་ཚོད་ཉེར་བཞིའི་ཆ་ཤས་མང་པོ་ཤེས་རིག་སྡིངས་ཀའི་ཟླར་ཕུལ་བ། །
བསིལ་ཟེར་ཅན་དེས་མཐོང་བའི་མོད་ལ་ཐུགས་རྗེའི་ཆབ་ཀྱིས་གངས་རི་ཞུ། །
མཆོག་གོ་དུས་བཞིར་འགྱུར་མེད་རྟག་བརྟན་རྔམ་བརྗིད་བྲག་རིའི་ངང་གཤིས་ཅན། །
བསྟོད་དོ་གྲངས་མེད་བློ་གསལ་དཔྱོད་ལྡན་ཤེས་བྱའི་ཕ་རོལ་སྒྲོལ་མཛད་པོ། །
བསྔགས་སོ་སྙིགས་དུས་རྒུད་པའི་དུས་འདིར་རྒྱལ་བའི་སྲས་ཀྱི་ཐུགས་བསྐྱེད་ཅན། །
འབུལ་ལོ་འཕགས་ནོར་བདུན་གྱི་མན་དྲལ་ཡིད་ཀྱི་དྭངས་པའི་ཟས་སུ་གསོལ། །
དེ་བཞིན་རྨད་བྱུང་མཛད་འཕྲིན་རྣམ་རྒྱས་རྒྱལ་མཚན་ཏོག་གི་རྩེར་བཀོད་ཀྱང་། །
གཡེལ་མེད་རྟག་ཏུ་ལྷོད་པ་མེད་པའི་ཐུགས་ཀྱི་ཆ་ཡང་བསྒྲུན་ནུས་མིན། །
དེ་ལྟར་ངག་གི་ནོར་བུའི་རྒྱུད་མངས་དད་གསུམ་སོར་མོས་སྦྲེང་དང་བཅས། །
དེང་ནས་བཟུང་ཏེ་ཚེ་རབས་ཀུན་ཏུ་བླ་སྲོག་ཉམས་པ་མེད་པར་ཤོག །

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།