དཔྱིད་དཔལ་ལྷ་མོའི་འབོད་པ།

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 10/03/31

 མཐོ་འབྲིང་གསུམ་གཅིག་འཛིན་གྲྭ མཁས་བཙུན་རྒྱ་མཚོ།

       གྲང་རླུང་འཚུབ་མ་འཐིབས་པའི་དགུན་ཀློང་གི་ན་བུན༎
       འཛིན་མའི་བཞིན་རས་ལས་ཡལ་དཔྱིད་དཔལ་གྱི་ལྷ་མོ༎
       གཞན་གསོས་བུ་མོའི་ངག་གི་འགྱུར་ཁུགས་དང་བསྡོངས་ཏེ༎
       འཛིན་མའི་བདེ་མལ་དྲོན་མོར་ཁ་རོག་གེར་འཛུལ་བྱུང་༎

       ཤེས་རིག་བདུད་རྩི་འཁྱིལ་བའི་སློབ་གྲྭ་ཡི་དོ་རར༎
       བརྩོན་པའི་གཤོག་ཟུང་རྐྱོང་པའི་རྐང་དྲུག་གི་སློབ་བུར༎
       ཁུ་བྱུག་ལྷང་ལྷང་དགོད་པའི་འགྱུར་ཁུགས་ཀྱི་ཁྲོད་ནས།།
       མ་རིག་གཏི་མུག་སྤྱུགས་པའི་འབོད་ཚིག་ཅིག་བཏང་འདུག།

       བཅུ་གཉིས་བདག་པོ་ཀུན་གསལ་སྟོང་དབྱིངས་ནས་འཚེར་ཏེ༎
       རིས་མེད་འཛིན་མའི་ཁྱོན་ལ་སྤྲོ་ཟེར་དེ་འགྱེད་སྐབས༎
       སྦྲ་ནག་བོད་པ་ཚང་གི་འབྱུང་འགྱུར་གྱི་ལམ་ལ༎ 
       དགེ་ལེགས་སྣང་བ་འབུམ་གྱི་རྩེ་དགའ་ཡིས་འཁྱུད་འདུག།

       ཡོད་ཚད་གསར་བར་འགྱུར་བའི་དཔྱིད་དཔལ་གྱི་ཀློང་ན༎
       བདེན་དོན་འཚོལ་ལ་རིངས་པའི་ཉམ་ཆུང་གི་རྩི་ཤིང་༎
       ཤུགས་ཀྱིས་སྐྱེ་ཞིང་རྒྱས་པའི་ངང་ཚུལ་ལ་གཞིགས་ན༎ 
       མགོ་ནག་བོད་པར་བསམ་གཞིགས་ལྕི་མོ་ཞིག་འདུག་སྙམ༎

       དེང་གི་མཚར་མཚར་རིག་པ་མཐོ་སྒང་ནས་ཐོན་ཏེ༎
       དཔྱིད་དཔལ་ལྷ་མོའི་སྒེག་ལྡན་གོམ་འགྲོས་དང་བསྟུན་ནས༎
       ཉི་གཞོན་གསར་བ་ཞིག་གི་ལས་དབང་ལ་སྤྲུལ་ཏེ༎ 
       གངས་ལྗོངས་མུན་པའི་གླིང་ལ་འོད་སྣང་དེ་བསྩལ་བྱུང་༎

Copyright 2006-2010 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།