ཇི་ལྟར།

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 10/03/31

དམའ་འབྲིང་གཉིས་གཉིས་འཛིན་གྲྭ རྡོ་རྗེ་རབ་བརྟན།

       མེ་ཏོག་གི་ལྡུམ་རར་མ་སླེབས་ན༎
       རྐང་དྲུག་གིས་སྦྲང་རྩི་ཇི་ལྟར་ལེན༎
       རིག་གནས་ཀྱི་སློབ་གྲྭར་མ་ཕེབས་ན༎ 
       ཤེས་རིག་གི་བདུད་རྩི་ཇི་ལྟར་འཐུང་༎

       དཀའ་སྤྱད་ཀྱི་ལས་དེར་མ་ཞུགས་ན༎
       བདེ་སྐྱིད་ཀྱི་འཚོ་བ་ཇི་ལྟར་རོལ༎
       གླག་ཕྲུག་གིས་འཕུར་རྩལ་མ་སྦྱངས་ན༎ 
       ཨ་སྔོན་གྱི་དབྱིངས་དེར་ཇི་ལྟར་འཕུར༎

       ཆུང་དུས་ནས་རིག་གནས་མ་བསླབ་ན༎
       རྒན་དུས་སུ་བྱ་བ་ཇི་ལྟར་བསྒྲུབ༎
       རྐང་དྲུག་གིས་འཕུར་རྩལ་མ་སྦྱང་ན༎
       ཞིམ་མངར་གྱི་སྦྲང་རྩི་ཇི་ལྟར་ལེན༎

       སོ་དཀར་དུས་དཀའ་སྡུག་མ་སྤྱད་ན༎
       མགོ་དཀར་དུས་སྐྱིད་ལ་ཇི་ལྟར་རོལ༎ 
       ཆུ་ཐིགས་ཀྱི་ཆ་ཤས་མ་བསགས་ན༎ 
       ཆུ་ཕྲན་རང་རྒྱ་མཚོར་ཇི་ལྟར་འགྱུར༎

       མཐུན་སྒྲིལ་དང་རོགས་རམ་མ་བྱས་ན༎
       མི་རིགས་ཀྱི་སྟོབས་ཤུགས་ཇི་ལྟར་འཕེལ༎
       ས་ཆུ་ཡིས་རམ་འདེགས་མ་བྱས་ན༎
       ཡིད་འོང་གི་འདབ་བརྒྱ་ཇི་ལྟར་རྒྱས༎

Copyright 2006-2010 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།