གྲོགས་པོ་དྲན་གླུ།
སྤེལ་མཁན། Admin
རྡེབ་ཚད།
སྤེལ་དུས། 10/03/31
ིད་ལ་སྡུག་པའི་མི་ཚེ་འདི་ཉིད་འོད་དུ་བསྐྲུན་པའི་ཕུགས་མདུན་གྱིས༎
རྨོངས་བའི་སྨག་རུམ་ཁད་ཀྱིས་གཏོར་ཏེ་ཤེས་བྱའི་མེ་ཏོག་འཐུ་བའི་དུས༎
ང་ལ་བཞག་པའི་བག་ཆགས་ཟབ་མོ་རླུང་གིས་མ་ཁུར་སེམས་ན་འཁྱིལ༎
དྲན་པའི་དུངས་ཀ་འགོག་ཐབས་མི་འདུག་སྐྱོ་བའི་མིག་ཟུང་ཁྱེད་ལ་ཅེར༎
ཤེས་བྱའི་མེ་ཏོག་རྒོད་པའི་ཞིང་ནས་མཛའ་གྲོགས་སློབ་བུ་ཁྱེད་ཉིད་དྲན༎
ཁ་བ་བུ་ཡུག་སྟངས་སྟབས་ཁྲོད་ནས་ཕ་མ་ཟུང་གིས་ཁྱེད་རང་གླེང་༎
མི་ཡུལ་འགྲོ་བའི་རྒྱལ་ཁམས་འདི་ནས་ཁྱེད་རང་དྲན་པའི་འཁྱམ་པོ་ངས༎
ཁྱེད་ཀྱི་ལས་དབང་སྙིང་ལ་སྒོམ་ཏེ་ཡིག་དྲུག་ངག་ལ་དད་པས་ཟློ༎
ཀྱེ་ཧུད་བརྩེ་བ་འགྱུར་བ་མེད་པའི་གཤིས་བཟང་གྲོགས་པོ་ཁྱེད་ཉིད་ནི༎
རི་ཆུ་སྟོང་གི་ཕ་མཐའ་ཞིག་ན་སྐུ་ལུས་བརྗིད་པོ་བདེ་ལགས་སམ༎
ཆོས་ཉིད་བཟློག་མེད་ལས་དབང་འདི་ཡིས་གཏན་གྱེས་ལས་སྐལ་ཤར་ནའང་།།
ཕྱི་ཐག་སེམས་ཀྱི་བརྩེ་བ་དྲོན་མོ་འགྱུར་མེད་རྡོ་ཡི་གཤིས་ལས་བརྟན༎
ལས་དབང་འདི་ཡིས་མངའ་ཐང་དྲན་ན་མིག་ཆུའི་གདུང་བ་མེ་རུ་འབར༎
ཕྱིར་མིག་སེམས་ཀྱི་འཁྲེང་སེམས་ཀློང་ནས་ན་ཟུག་ལྕི་མོའི་ཕམ་ཁ་ཐོབ༎
ཡིན་ཡང་འཇིག་རྟེན་སྲིད་པའི་ཆོས་ཉིད་བཟློག་མེད་རྡོ་ཡི་ཐམ་ག་ཞིག།
ང་དང་ཁྱོད་ཀྱི་ལྷན་འཛོམས་མི་ཚེ་འདི་ལྟར་གཏོར་བ་སྐྱོ་བ་ཨང་༎ |