བུ་ཆུང་གི་སེམས་ངལ།
སྤེལ་མཁན། Admin
རྡེབ་ཚད།
སྤེལ་དུས། 10/03/31
མཐོ་འབྲིང་གསུམ་གསུམ་འཛིན་གྲྭ དཔལ་མགོན་སྐྱབས།
སྡོང་ལོ་ས་རུ་འཐོར་བ་དུས་ཚིགས་ཀྱི་ཆོས་ཉིད༎
སྟོན་མཇུག་ལག་པ་བསྲིངས་པའི་བར་གསེང་གི་ཁྲོད་ན།།
ཤེས་རིག་འདབ་མ་རྒྱས་པའི་སློབ་གླིང་གི་དབུས་སུ༎
ཅང་མེད་བུ་ལོ་ང་ལ་སེམས་ངལ་ཀྱིས་མོད་འགྲོ༎
གཟུགས་མེད་མཐོ་རྒྱུགས་ཟེར་བའི་མིང་བརྡ་དེ་དྲན་དུས༎
གློ་སྙིང་མཆིན་གསུམ་གཟའ་ཡིས་བཟུང་བ་དང་འདྲ་བར༎
བལྟས་ན་བློ་རིག་རྒྱས་པའི་ན་ཆུང་གི་བུ་ང་༎
དྲན་མེད་སྡོང་དུམ་ཞིག་གི་ཕུང་བོ་རུ་འགྱུར་འགྲོ༎
དེ་རིང་སྔ་ན་མེད་པའི་ངེས་ཤེས་ཤིག་འཁྲུངས་ཏེ།།
འགྱུར་མེད་དམ་བཅའ་སྙིང་གི་རི་མོ་ལ་བཀོད་ཀྱང་༎
སང་ཉིན་ལེ་ལོ་རྣམ་གཡེང་དཔུང་ཚོགས་དེ་ཐོན་དུས།།
སུན་རྩེན་བདེ་བར་རོལ་བའི་བརྒྱ་བྱིན་ཡང་འདར་ངེས༎
ལག་ཟུང་བྲང་ཁར་བཞག་སྟེ་བསམ་བློ་རེ་བཏང་ན༎
དམར་པོ་ཁྲག་གིས་གྲུབ་པའི་སྙིང་ཆུང་ཞིག་ལྡིང་ཞིང་༎
ལྷོག་ལྷོག་འཕྱུར་བའི་ཟུངས་ཁྲག་དྲོན་མོ་ཞིག་རྒྱུ་མོད༎
མི་ཞིག་ཡིན་པའི་དོགས་པ་རང་ཉིད་ལ་སྐྱེས་འགྲོ༎ |