མལ་ཁང་ནང་གི་ལབ་གླེང་།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 10/03/23

ཉིས་སྟོང་དགུ་ལོའི་མཐོ་འབྲིང་མཐར་ཕྱིན་འཛིན་གྲྭ་གསུམ་པ།  ལྷ་མགོན།

          དགོང་ཚོགས་གྲོལ་རྗེས་ངས་ནམ་རྒྱུན་གྱི་གོམས་སྲོལ་བཞིན་སྔ་མོའི་ཞོགས་སྦྱོང་གི་དཔེ་ཆ་འགའ་ལག་ཏུ་བསྣམས་ནས་མལ་ཁང་དུ་ལོག་པ་ན། སློབ་གྲོགས་ཚོས་མལ་ཁང་དུ་གཅིག་ཁ་གཅིག་གིས་འཕྲོག་བཞིན་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་ཉིན་འདི་དག་གི་མཐོང་ཐོས་མྱོང་གསུམ་ལྷུག་པོར་བརྗོད་བཞིན་མཆིས། ཅུང་མ་འགོར་བར་མལ་ཁང་གི་གློག་ཟིམ་བྱུང་། སྤྱིར་ན་གློག་ཟིམ་པ་ནི་ང་ཚོ་ལ་གཉིད་དགོས་པའི་བརྡ་བརྒྱབ་པ་ཡིན་མོད། སློབ་གྲོགས་ཚོས་དེ་ལ་སྣང་དོགས་ཙམ་ཡང་མི་བྱེད་པར་རང་རང་གི་མལ་ཁྲིའི་སྟེང་བུད་རྗེས་མུ་མཐུད་ནས་ཁ་བརྡའི་རྒྱུན་བསྐྱངས། ནམ་རྒྱུན་ང་ཚོའི་མལ་ཁང་དུ་ཁ་ལྕེ་ཅུང་བདེ་བའི་སློབ་གྲོགས་ཕག་ལོས་ “དཀོན་མཆོག་གསུམ། ཉི་མ་འདི་ཚོར་ཕ་ཡུལ་ནས་རང་དགར་མ་བསྡད།ཞིང་ལ་སློག་བརྒྱབ་པའི་སྟེང་ལ་ཤལ་བརྒྱབ། སློབ་གྲྭར་ཐོན་ཚེ་ངོ་མ་སྐྱིད་པའི་སྣང་བ་ཞིག་ཡོད་ཀི”ཟེར། དེར་མཐུད་ནས་མགོན་པོས “ལས་ཀ་དེ་འདྲ་མ་ལས་མོད། བརྙན་འཕྲིན་ལ་ངོ་མ་ཡིད་ཚིམ་པ་ཞིག་བལྟས”ཟེར། མཁའ་འགྲོས་དངན་པ་ཞིག་འཐེན་ཞོར “་ཉི་མ་བརྒྱ་བོར་ལུག་རྗེས་ནས་བསྡད་པས་དགེ་རྒན་གྱིས་བྱིན་པའི་ལས་བྱ་ཡང་འབྲི་མ་ཐུབ”ཟེར། འདི་ལྟར་ང་ཚོས་རང་ཉིད་ཀྱི་མཐོང་ཐོས་མྱོང་བ་རྣམས་སྦ་གསང་ཅི་ཡང་མེད་པར་གསོང་བོར་བརྗོད་ནས་མཚམས་ཤིག་ལ་ཐོན་དུས། རྩེད་མཚར་ལ་མཁས་པའི་ཕག་ལོས་ “བློ་བཟང་། ད་ཁྱེད་ཀྱིས་གསུངས་རོགས”ཟེར་བ་ན། ནམ་རྒྱུན་སྨྲ་བ་ཉུང་ཞིང་སློབ་ལ་བརྩོན་པའི་བློ་བཟང་གིས་གདོང་ལ་འཛུམ་ཞིག་ལངས་ཞོར “རྒྱལ་སྟོན་དུས་ཆེན་ལ་གནང་བ་བྱིན་པའི་ཉིན་དེར་ཕ་ཡུལ་དུ་ལོག་པ་ན། ངེད་ཚང་གི་ཁང་བར་མཛེས་རྒྱན་སྤྲ་བཞིན་འདུག་པས་ཉིན་དྲུག་ལྷག་ལ་ཕ་མ་དང་ལྷན་དུ་ལས་ཀ་ལས་པ་དང་། དེའི་རྗེས་ཀྱི་ཉིན་ལྷག་མ་རྣམས་ལ་ངལ་གསོའི་ལས་བྱ་རྣམས་ཡོངས་འགྲུབ་བྱས་རྗེས་ཁྲིད་ཟིན་པའི་དཔེ་ཆ་རྣམས་ལ་བསྐྱར་སྦྱོང་རེ་བྱས། ད་དུང་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་ནས་རྒྱལ་སྤྱི་རྒྱལ་ནང་གི་གསར་འགྱུར་ལའང་རྒྱུས་ལོན་རགས་ཙམ་བྱས། གང་ལྟར་གནང་བའི་ཉིན་འདི་དག་ང་ལ་མཚོན་ན་དོན་སྙིང་ལྡན་ཏེ་གཅིག་ནས་ཕ་མར་རོགས་རམ་ཅུང་ཟད་བྱས་པ་དང་གཉིས་ནས་ཁྲིད་ཟིན་པའི་བསླབ་གཞིའི་ནང་དོན་ལ་བསྐྱར་སྦྱང་ཡིད་ཚིམ་པ་ཞིག་བྱེད་ཐུབ་སོང”ཟེར། རྒྱུ་མཚན་གང་ཡིན་ཆ་མི་འཚལ་མོད། བློ་བཟང་གི་སྐད་ཆ་དེས་མལ་ཁང་གང་བོ་རེ་ཞིག་དལ་ཅག་གེར་བཏང་། སྐབས་དེར་ངའི་སེམས་པ་རང་དབང་མེད་པར་བསམ་གཞིགས་ཀྱི་ཀློང་དུ་ཚུད། ངལ་གསོའི་ཉིན་འདི་དག་ལ་རང་ཉིད་ནི་རྩེད་འཇོ་ཁོ་ན་ལ་གཡེང་སྟེ་ཕ་མ་ལ་རོགས་ཤིག་ལྟ་ཅི་ཐ་ན་ལས་བྱའང་མ་བྲིས་པར་ལག་སྟོང་མཆན་ལ་བཙིར་ནས་སློབ་གྲྭར་ཡོང་བ་མ་ཡིན་ནམ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།