སྟག་དང་སྤྱང་ཀི

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 10/04/08

སྒྲུང་ཐུང་འདི་ནི་2010ལོའི་གངས་རྒྱན་ན་ཆུང་ཚགས་པར་སྟེང་བཀོད་ཡོད།
དམའ་འབྲིང་གསུམ་པའི་འཛིན་གྲྭ་བཞི་བ། ཚེ་རིང་དབང་མོ།

       གནའ་སྔ་མོ་ཞིག་ལ།ཡུལ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ན་བ་མོ་ཞིག་ལས་ཅི་ཡང་མེད་པའི་དབུལ་བོ་མ་སྨད་གཉིས་ཡོད། ཧམ་སེམས་ཅན་གྱི་སྤྱང་ཀི་ཞིག་གིས་དབུལ་བོ་ཚང་གི་བ་མོ་བཟའ་འདོད་སྐྱེས་ཏེ་ཁང་ཀླད་དུ་འགོས་ཏེ་འཇབ་ནས་ཡོང་བའི་སྐབས་དེར། ཁྱིམ་དུ་ཡོད་པའི་ཨ་མ་རྒན་མོས་ཤེས་ཏེ། བུ་མོ་ལ “འཇིག་རྟེན་སྟེང་ཆེས་འཇིགས་སུ་རུང་བའི་གཅན་གཟན་གང་རེད”ཅེས་དྲིས་པ་ན། བུ་མོས “སྤྱང་ཀི་རེད”ཅེས་ལན་བཏབ། སྤྱང་ཀིས་དེ་སྐད་ཐོས་པ་ན་ སེམས་ལ་དགའ་སྤྲོ་ཆེན་པོ་ཞིག་སྐྱེས། སྐབས་དེར་ཨ་མ་རྒན་མོས་ཅི་མི་སྙམ་པར། “སྤྱང་ཀི་མ་རེད”ཅེས་བཤད་པར་བུ་མོས “འོ་ན། སྟག་རེད”ཅེས་བཤད། ཨ་མ་རྒན་མོས་སླར་ཡང “སྟག་ཀྱང་མ་རེད། ཆེས་སྐྲག་དགོས་པ་ནི་ཟགས་རེད”ཟེར་བ་སྤྱང་ཀིས་ཐོས་ཏེ། སྐྲག་ནས་དབང་མེད་དུ་ཕྱིར་སྣུར་དང་བཅས་ཧར་གྱིས་ཡར་ལངས་པ་ན། སྤྱང་ཀིས་དེ་ནི་བ་མོ་ཡིན་པ་མ་ཤེས་པར “ཟགས”ཟེར་བ་འདི་རེད་སྙམ་ནས་ཕྱིར་བལྟས་མེད་པར་སྒོའི་ཕྱི་རོལ་དུ་བྲོས།སྤྱང་ཀི་སྐྲག་སྣང་གིས་ཕྱིར་བྲོས་ནས་འགྲོ་སྐབས་མཚན་མོར་ཁེར་རྒྱུ་བྱེད་པའི་སྟག་ཅིག་དང་འཕྲད། སྟག་དེས་སྤྱང་ཀི་བླ་འཁྱམས་པ་ལྟར་འབྲོ་བཞིན་པའི་ངང་ཚུལ་མཐོང་ནས་སྤྱང་ཀིར “ཁྱོད་ལ་ཅི་བྱུང་བ་ཡིན”ཞེས་དྲིས་པ་ན། སྤྱང་ཀིས “ཟགས་སླེབས་བྱུང”ཞེས་བཤད་ཞོར་དུ་ཕྱིར་མིག་ལིང་ལིང་དུ་འབྲོ་རྩིས་བྱས་པ་ན།སྟག་གིས “ཟགས་ཞེས་པ་ཅི་རེད”ཅེས་དྲིས།སྤྱང་ཀིས་ད་དུང་དངངས་སྐྲག་དང་བཅས “ཟགས་ནི་འཇིག་རྟེན་འདིར་ཆེས་འཇིགས་སུ་རུང་བའི་གཅན་གཟན་ཞིག་རེད”ཅེས་བཤད། སྟག་གིས་ཡིད་མ་ཆེས་པར “ང་སྟག་ལས་བཙན་པའི་གཅན་གཟན་ཞིག་ཀྱང་ཡོད་དམ”ཞེས་སླར་དྲིས་པ་ན།སྤྱང་ཀིས “ཡིད་མི་ཆེས་ན་ཁྱེད་རང་བལྟ་རུ་སོང”ཞེས་བཤད།སྤྱང་ཀིའི་ངང་ཚུལ་དེར་བལྟ་བཞིན་སྟག་གི་སེམས་ནས་ཅུང་སྐྲག་ནའང་མི་སྐྲག་པའི་ཉམས་ཀྱིས “གང་ན་འདུག ངེད་གཉིས་ཕྱིར་བལྟ་རུ་འགྲོ”ཞེས་བཤད། སྤྱང་ཀི་སྐྲག་ནའང་མི་འགྲོ་ཟེར་མ་ཕོད་པར་སྟག་ཁྲིད་ནས་དབུལ་བོ་ཚང་གི་སྒོ་ཁར་བསླེབས་རྗེས། “ཁྱེད་རང་ནང་དུ་སོང་དང་།ཁྱིམ་ན་འདུག”ཅེས་བཤད། སྟག་ཀྱང་སྐྲག་ནས་ནང་དུ་འགྲོ་མ་ནུས། སྟག་གིས་སྤྱང་ཀི་ལ “ཁྱོད་རང་དེ་འདྲའི་སྐྲག་ནས་ཅི་བྱེད། ང་ཨ་ཁུ་སྟག་ཡོད་པས་ཁྱོད་རང་སྐྲག་དགོས་དོན་མེད།ཡིད་མི་ཆེས་ན་ངེད་གཉིས་ཀྱི་རྔ་མ་མདུད་པ་བརྒྱབ་སྟེ་མཉམ་དུ་འགྲོ”ཞེས་བཤད་པ་ན།སྤྱང་ཀི་ སེམས་གཏིང་ནས་མི་འཐད་ནའང་མི་འགྲོ་ཟེར་མ་ཕོད་པར་ཁོ་གཉིས་ཀྱི་རྔ་མ་ཕན་ཚུན་མདུད་པ་བརྒྱབ་རྗེས་ཁྱིམ་དུ་འཛུལ། ཨ་མ་རྒན་མོས་སྟག་དང་སྤྱང་ཀི་གཉིས་མཉམ་དུ་ཕྱིར་ཡོང་ཡོད་པ་ཤེས་ནས་བུ་མོ་ལ “ཨ་ཁུ་ཟགས་བསླེབས་བྱུང”ཞེས་སྐད་ཆེན་པོས་བཤད་པ་ན། སྟག་གིས་ཐོས་ཏེ་སྐྲག་མ་དངངས་ཀྱིས་སྒོ་ཕྱི་ལ་བྲོས། སྟག་དང་སྤྱང་ཀི་གཉིས་ཀྱི་རྔ་མ་མདུད་པ་བརྒྱབ་ཡོད་པ་དང་སྤྱང་ཀི་སྟག་གི་ཤེད་ལ་མ་འདང་བས་སྟག་གིས་སྤྱང་ཀི་དྲུད་ནས་ཕྱིར་བྲོས།སྟག་ལ་དང་ལུང་བ་དགུ་བརྒལ་ནས་བྲལ་མཐར་དབུགས་རིང་འབྱིན་བཞིན་ཕྱིར་འཁོར་ནས་སྤྱང་ཀི་ལ་བལྟས་པ་ན། སྤྱང་ཀིས་མཆེ་བ་གཙིགས་ནས་རང་གི་རྔ་སྣེ་རུ་ཐང་དུ་འགྱེལ་འདུག་པ་མཐོང་ནས “ཁྱོད་ད་དུང་དགོད་ཀྱིན་ཡོད། རང་གི་ཚུགས་ཀར་ལྟོས་དང་། མྱུར་དུ་ཡར་ལོངས། ངེད་གཉིས་ཡང་བསྐྱར་བལྟ་རུ་འགྲོ”ཞེས་བཤད། སྤྱང་ཀིས་ཁ་ཅི་ཡང་མི་གྲགས་པར་སྔར་ལྟར་བསྡད་པས།སྟག་ཁ་ཕྱིར་འཁོར་ནས་ཞིབ་ལྟ་ཞིག་བྱས་པ་ན་སྤྱང་ཀི་སྔར་ནས་ཤི་ཡོད་པ་ཤེས་ཏེ་རེམ་པར་རྔ་མའི་མདུད་པ་བཀྲོལ་རྗེས་ཕྱིར་རང་ཚང་དུ་ལོག་སོང་ངོ་། །

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།