ཚོགས་འདུའི་ཟིན་ཐོ་འགོད་སྟངས།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/11/03

       ཚོགས་འདུར་བཞུགས་མོལ་ཚོགས་འདུ་དང་། གྲོས་མོལ་ཚོགས་འདུ། ལས་ཀའི་ཚོགས་འདུ་སོགས་ཡོད་ཅིང་། ཚོགས་འདུའི་ངོ་བོ་མི་འདྲ་བར་ཟིན་ཐོ་འགོད་སྟངས་ཀྱི་རེ་བ་ཡང་མི་འདྲ་བ་ཡོད། 
       ཚོགས་འདུའི་ཟིན་ཐོ་འགོད་སྟངས། ཚོགས་འདུའི་མིང་བྲི་དགོས་པ་དང་གཅིག དུས་ཚོད་དང་འཚོག་ཡུལ་བྲི་དགོས་པ་དང་གཉིས། ཚོགས་འདུར་ཞུགས་མཁན་མི་གྲངས་དང་། མི་མང་པོ་མེད་ན་སོ་སོའི་མཚན་དང་ཡང་ན་ཚོགས་འདུར་ཞུགས་མཁན་ཚན་པ་ཁག་གི་མཚན་གསལ་པོ་བྲི་དགོས་པ་དང་གསུམ། ཚོགས་འདུར་ཞུགས་མ་ཐུབ་པའི་མི་ཡོད་ཚེ་དེའི་མཚན་དང་ཞུགས་མ་ཐུབ་པའི་རྒྱུ་རྐྱེན་བྲི་དགོས་པ་དང་བཞི། ཚོགས་འདུ་གཙོ་སྐྱོང་གནང་མཁན་གྱི་མཚན་བྲི་དགོས་པ་དང་ལྔ། ཟིན་ཐོ་འགོད་མཁན་རང་ཉིད་ཀྱི་མིང་བྲི་དགོས་པ་དང་དྲུག གོང་གསལ་དེ་རྣམས་སྤྱིར་བཏང་ཚོགས་འདུ་གལ་འགངས་ཆེ་སར་སྤྱོད་པ་དང་། རབ་བྱུང་ན་ཚོགས་འདུའི་སྔོན་དུ་གོང་གསལ་དོན་ཚན་ཁག་ཟིན་ཐོ་འགོད་ཐུབ་པ་བྱེད་དགོས།
       ཚོགས་འདུའི་ནང་དོན་འགོད་སྟངས། དེ་ནི་ཚོགས་འདུའི་ཟིན་ཐོ་འགོད་རྒྱུའི་གཙོ་གནད་ཅིག་ཡིན་ཞིང་། སྤྱིར་ན་ཚོགས་འདུ་གཙོ་སྐྱོང་གནང་མཁན་གྱི་གསུང་བཤད་དང་། སྙན་ཞུ། གྲོས་མོལ། གྲོས་ཆོད་སོགས་ཟིན་ཐོ་འགོད་དགོས།
       གལ་སྲིད་སྙན་ཞུའི་ཚོགས་འདུ་ཡིན་ན་སྙན་ཞུ་གནང་མཁན་གྱི་མཚན་དང་། སྙན་ཞུའི་ཁ་བྱང་ངམ་འདྲི་ཚིག བརྗོད་དོན་གཙོ་བོ་བཅས་པ་ ཟིན་ཐོ་འགོད་དགོས། གྲོས་མོལ་གྱི་ཚོགས་འདུ་ཡིན་ན་གྲོས་གཞི་དང་། གཏམ་བཤད་གནང་མཁན་གྱི་མཚན། ནང་དོན་བཅས་པ་བྲི་དགོས། གལ་སྲིད་ཚོགས་འདུའི་ཐོག་གྲོས་ཆོད་གང་རུང་ཞིག་ལ་གྲོས་བསྡུར་བྱས་པ་ཡིན་ན་དེའི་ཁ་བྱང་ངམ་འདྲི་ཚིག་དང་། ནང་དོན་རྣམས་ཟིན་ཐོ་ཞིབ་ཕྲ་བཀོད་ཐོག་ དེར་བསམ་འཆར་མི་མཐུན་པ་བྱུང་ཚེ་མོས་མཐུན་གནང་མཁན་དང་། མོས་མཐུན་མི་གནང་མཁན། དེ་བཞིན་དབང་ཆ་དོར་མཁན་བཅས་ཕྱོགས་སོ་སོའི་མི་གྲངས་བྲི་དགོས་པ་ལས་མིའི་མིང་བྲི་རྒྱུ་མེད།
      ཟིན་ཐོ་འགོད་སྟངས་ལ་ཐབས་ཤེས་གཉིས་ཡོད་པ་སྟེ། གཅིག་ནི་རགས་བསྡུས་འགོད་རྒྱུ་དང་། གཉིས་ནི་ཞིབ་ཕྲ་འགོད་རྒྱུ་དེ་ཡིན། ཐབས་ཤེས་དེ་གཉིས་ཀྱི་འགྲོ་ཁུངས་ནི་གཙོ་བོ་ཚོགས་འདུའི་ངོ་བོ་དང་གྲོས་མོལ་གྱི་གནད་དོན་ལ་གཞིགས་ནས་ཐག་གཅོད་བྱེད་དགོས། སྤྱིར་བཏང་གི་ལས་དོན་ཚོགས་འདུ་དང་། གྲོས་མོལ་ཚོགས་འདུ་ཡིན་ན་རགས་བསྡུས་ཀྱིས་ཟིན་ཐོ་བཀོད་ན་འགྲིག གལ་སྲིད་གྲོས་མོལ་བྱ་རྒྱུའི་གནད་དོན་གལ་འགངས་ཆེ་ཞིང་གྲོས་མོལ་བྱེད་རིང་བསམ་འཆར་མི་མཐུན་པ་དང་རྩོད་པ་སོགས་བྱུང་ཚེ་གཏམ་བཤད་གནང་མཁན་སོ་སོའི་བཀའ་མོལ་དང་། དེ་བཞིན་མོས་མཐུན་གནང་མཁན་དང་མོས་མཐུན་མི་གནང་མཁན་གྱི་གནས་ཚུལ་རྣམས་ཞིབ་ཅིང་ཕྲ་བའི་སྒོ་ནས་ཟིན་ཐོ་འགོད་དགོས། ཚོགས་འདུ་གྲོལ་བ་དང་ཟིན་ཐོ་འགོད་མཚམས་བཞག་ཚེ་ཚོགས་འདུ་གྲོལ་ཞེས་པའི་མཇུག་བྱང་བྲི་དགོས་པ་དང་། བར་དུ་ངལ་གསོ་བཏང་ཚེ་ངལ་གསོའམ་སྤྲོ་གསེང་ཞེས་ བྲི་དགོས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།