སྙན་ཞུའི་ཟིན་ཐོ་འགོད་སྟངས།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/11/03

       སྙན་ཞུ་གནང་མཁན་གྱིས་གསུངས་པ་ཇི་བཞིན་ཐོ་བཀོད་བྱས་པ་དེར་སྙན་ཞུའི་ཟིན་ཐོ་ཟེར། སྙན་ཞུའི་ཟིན་ཐོ་འགོད་སྟངས་ལའང་རྒྱས་བསྡུས་གཉིས་ཡོད་ཅིང་། སྙན་ཞུའི་ངོ་བོ་དང་དགོས་མཁོར་གཞིགས་ཏེ་ཟིན་ཐོ་རྒྱས་བསྡུས་གང་རུང་བཀོད་ཆོག སྙན་ཞུ་དང་གསུང་བཤད་གལ་ ཆེའི་རིགས་ཡིན་ཚེ་ཟིན་ཐོ་ཞིབ་ཕྲ་འགོད་དགོས་པ་མ་ཟད། མཛུབ་སྟོན་གནང་མཁན་ནམ་སྙན་ཞུ་གནང་མཁན་ཁོང་རང་གི་བཀའ་མོལ་འགོད་གང་ ཐུབ་བྱས་ན་བརྒྱུད་བསྒྲགས་བྱ་རྒྱུར་ཕན་ཐོགས་ཡོད། གལ་སྲིད་སྤྱིར་བཏང་གི་གནས་ཚུལ་ངོ་སྤྲོད་ཙམ་དང་། སྙན་ཞུ། ཡང་ན་གཞན་ལ་བརྒྱུད་བསྒྲགས་བྱ་རྒྱུའི་ལས་འགན་མེད་ཚེ་ཟིན་ཐོ་རགས་བསྡུས་བཀོད་ན་འགྲིག
       ཟིན་ཐོ་རགས་བསྡུས་དང་ཞིབ་ཕྲ་གང་རུང་བཀོད་ཀྱང་ཚང་མར་སྙན་ཞུ་གནང་མཁན་དང་། སྙན་ཞུའི་ཁ་བྱང་། སྙན་ཞུ་གནང་བའི་དུས་ཚོད། སྙན་ཞུ་གནང་ཡུལ། སྙན་ཞུའི་ནང་དོན་བཅས་ཟིན་ཐོ་འགོད་དགོས། སྙན་ཞུའི་ནང་དོན་རྙོག་འཛིང་ཆེ་ཙམ་ཡོད་ན་སྙན་ཞུ་གནང་སྐབས་ཀྱི་ རྣམ་གྲངས་ལ་གཞིགས་ནས་ཟིན་ཐོ་འགོད་རྒྱུར་དོ་སྣང་བྱེད་དགོས།
       གལ་སྲིད་སྙན་ཞུའི་ཚོགས་ཆེན་གཉེར་སྐྱོང་བྱེད་མཁན་སྡེ་ཚན་གྱིས་ཟིན་ཐོ་འགོད་རྒྱུར་ཆེད་དུ་མངགས་པ་ཡིན་ན་སྙན་ཞུའི་ཚོགས་ཆེན་གཙོ་སྐྱོང་གནང་མཁན་གྱི་མཚན་དང་། ཚོགས་འདུར་ཞུགས་མཁན་མི་གྲངས། ཟིན་ཐོ་འགོད་མཁན་གྱི་རང་མིང་བཅས་བྲི་དགོས།   སྙན་ཞུའི་ཟིན་ཐོ་འགའ་རེ་ཚོགས་འདུ་གྲོལ་རྗེས་ལེགས་སྒྲིག་བྱེད་དགོས་ཤིང་། གལ་སྲིད་པར་བཏབ་ནས་འགྲེམས་སྤེལ་བྱེད་དགོས་པ་དང་། སྙན་ཞུའི་ནང་དོན་ཧ་ཅང་གལ་ཆེན་ཡིན་ན་སྙན་ཞུ་གནང་མཁན་ཉིད་ཀྱི་བཀའ་མོལ་རང་སོར་འཇོག་གང་ཐུབ་བྱེད་དགོས་པ་དང་། ལེགས་སྒྲིག་བྱེད་སྐབས་ཚིག་རོ་རྣམས་དོར་གང་ཐུབ་བྱེད་དགོས། སྙན་ཞུའི་ནང་དོན་ཡོངས་རྫོགས་འཁོད་མེད་ཚེ་ལེགས་སྒྲིག་བྱེད་མཁན་གྱིས་འོས་འཚམས་བསྐྱར་ སྒྲིག་བྱས་ན་འཐུས། ལེགས་སྒྲིག་ཟིན་རྗེས་རབ་བྱུང་ན་སྙན་ཞུ་གནང་མཁན་རང་ལ་གཟིགས་བཅོས་གནང་རྒྱུར་འབུལ་དགོས། ལྷག་དོན་ཚན་རིག་ལག་རྩལ་དང་རིག་གཞུང་སོགས་ཀྱི་སྐོར་ཡིན་ན་ངེས་པར་དུ་སྙན་ཞུ་གནང་མཁན་རང་ལ་ཕུལ་ནས་མ་ཡིག་དང་འཚམས་གང་ཐུབ་བྱེད་དགོས།
       གང་ལྟར་ཟིན་ཐོ་གང་རུང་ཞིག་ཡིན་རུང་གཤམ་གསལ་གྱི་དོན་གནད་འགའ་ཞིག་ལ་ཡིད་གཟབ་བྱེད་དགོས་པ་སྟེ།
       ༡ དོན་དངོས་དང་མཐུན་ལ་གོ་དོན་གསལ་པོ་བཀོད་དགོས། ཟིན་ཐོ་འགོད་སྐབས་ནང་དོན་རྣམས་གང་བྱུང་འགྱུར་བ་གཏོང་རྒྱུ་མེད་ལ། རང་ཉིད་ཀྱི་འཆར་སྣང་ངམ་བསམ་ཚུལ་སོགས་ཀྱིས་དེའི་ཚབ་དེ་བས་ཀྱང་བྱེད་མི་རུང་། ལྷག་པར་དུ་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ ཆོད་ལྟ་བུ་ཐོ་བཀོད་ཆད་ནོར་རིགས་དེ་བས་མི་ཐོན་པ་བྱེད་དགོས། གལ་སྲིད་ཟིན་ཐོར་བཀོད་པ་རྣམས་དེ་ཙམ་ཆ་མ་ཚང་བ་དང་། ནང་དོན་ནམ་སྙིང་ དོན་གསལ་པོ་འགོད་མ་ཐུབ་ཚེ་ཟིན་ཐོ་འགོད་པའི་དགོས་པ་ཤོར་བས་དེ་རྩིས་དོན་དངོས་གནད་འཁེལ་པོ་དང་ཁ་གསལ་པོ་ཡོང་བ་བྱ་རྒྱུར་ཡིད་གཟབ་བྱེད་དགོས།
      ༢ གཙོ་གནད་རྣམས་ངེས་པར་དུ་འགོད་ཐུབ་པ་བྱེད་དགོས། གསུང་བཤད་ནི་རྩོམ་ཡིག་དང་མི་འདྲ་བར་ནང་དོན་རྡོག་སྒྲིལ་པོ་རང་མེད་པས་ཟིན་ཐོ་འགོད་སྐབས་གང་གསུང་དེ་བཀོད་མིན་པར་གཙོ་གནད་རྣམས་འགོད་གང་ཐུབ་བྱེད་དགོས། དེས་ན་ཟིན་ཐོ་འགོད་མཁན་གྱིས་གཅིག་ནས་ཡག་པོ་ཉན་དགོས་པ་དང་། གཉིས་ནས་གསུང་བཤད་ཀྱི་ནང་དོན་གལ་འགངས་ཆེ་རིག ཟིན་ཐོ་འགོད་དགོས་པ། གལ་འགངས་དེ་ཙམ་ཆེན་པོ་རང་ མེད་པའམ་གྲོས་གཞི་འདི་དང་འབྲེལ་བ་དེ་ཙམ་མེད་པ་རྣམས་པ་རགས་བསྡུས་ཀྱིས་བཀོད་ན་འགྲིག མདོར་ན་ནང་དོན་གཙོ་ཆེ་བ་རྣམས་ཟིན་ཐོ་འགོད་རྒྱུར་ཡིད་གཟབ་བྱས་ཏེ་ཚོགས་འདུ་གང་འཚོགས་མིན་དང་། ནང་དོན་གང་ཡིན་མིན་གཞན་གྱིས་རྟོགས་ཐུབ་པ་དགོས།
      ༣ ཟིན་ཐོ་ཡག་པོ་ཞིག་འགོད་བསམས་ན་ངེས་པར་དུ་སྐབས་འཕྲལ་གནད་དོན་རྣམས་ཐག་གཅོད་ཐུབ་པ་བྱེད་དགོས། དཔེར་ན། ཟིན་ཐོ་འགོད་སྐབས་ཚིག་གསལ་པོ་མ་གོ་བ་དང་། དག་ཆ་གང་ཡིན་འབྲི་མ་ཤེས་པ་སོགས་བྱུང་ཚེ་གནས་སྐབས་སྟོང་ཆ་ཕྲན་བུ་བཞག་པའམ་ཡང་ན་སྒྲ་འདྲ་བ་ཞིག་བྲིས་ནས་ཚོགས་འདུ་གྲོལ་རྗེས་གཞན་ལ་འདྲི་བའམ་ཡང་ན་དག་ཡིག་སོགས་ལ་བལྟས་ནས་ཁ་གསབ་དང་ནོར་བཅོས་བྱེད་དགོས། དེ་བཞིན་ཚབ་ཡིག་གམ་བསྡུས་ཡིག་འབྲི་ཤེས་པ་བྱས་ཏེ་ཚོགས་འདུ་གྲོལ་རྗེས་ནང་དོན་རྣམས་ཆ་ཚང་དུ་གཏོང་དགོས། 
       ༤ ཟིན་ཐོ་འགོད་སྐབས་འགོ་མཇུག་ཡོད་པ་དང་ཆ་ཚང་པོ་འགོད་གང་ཐུབ་བྱེད་དགོས་པ་ལས་བར་མཚམས་ཆད་མི་རུང་།
       ༥ དོ་ནན་བྱེད་དགོས་པ་སྟེ། གལ་ཆེའི་ཚོགས་འདུ་ཡིན་ན་ཚོགས་འདུ་གྲོལ་རྗེས་ཟིན་ཐོ་ལེགས་སྒྲིག་བྱས་ནས་ཚོགས་འདུའི་ནང་དོན་དང་ཏག་ཏག་བསྡད་ཡོད་མེད་བལྟ་དགོས་པ་དང་། གནད་དོན་གལ་ཆེ་རིགས་དང་གྲངས་ཀ་སོགས་ནོར་འཛོལ་ཡོད་མེད་ཞུ་དག་གཏོང་དགོས། ཟིན་ཐོ་གནད་འཁེལ་པོ་དང་ནོར་འཛོལ་མི་ཡོང་བའི་སླད་དུ་ཟིན་ཐོ་འགོད་མིས་ཚོགས་འདུ་མ་གྲོལ་གོང་ཟིན་ཐོ་དེ་ཚོགས་ཞུགས་མི་སྣ་རྣམས་ལ་བཀླགས་ནས་ནོར་འཛོལ་ཡོད་མེད་ཞིབ་བཤེར་བྱེད་དགོས། ནང་དོན་མང་བའི་སྟབས་ཀྱིས་ལམ་སེང་ནོར་བཅོས་སམ་བཟོ་བཅོས་མ་ཐུབ་ན་ཚོགས་འདུ་གྲོལ་རྗེས་ལེགས་སྒྲིག་བྱས་ནས་ཚོགས་འདུའི་གཙོ་སྐྱོང་པར་སྤྱན་བསྟར་མཚན་འགོད་ཞུས་རྗེས་ཚོགས་ཞུགས་འབྲེལ་ཡོད་མི་སྣ་རྣམས་ལ་སྤྱན་འབུལ་ཞུ་དགོས།
       ༦ ཟིན་ཐོ་ཡག་པོ་ཞིག་འགོད་བསམས་ན་ཐབས་ཤེས་འགའ་ཞིག་ཤེས་པ་ཙམ་གྱིས་མི་འགྲིག་པར་གཙོ་བོ་སྦྱོང་བརྡར་མང་ཙམ་བྱས་ནས་ཟིན་ཐོ་མགྱོགས་པོ་དང་བྱང་ཆུབ་པོ་འགོད་ཐུབ་པ་བྱེད་དགོས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།