༄༅།།བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག་བཞི་བཅུ་མ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 13/08/21

ཞོགས་དུང་གིས་བསྒྱུར།

 

ཕ་མ་ཡ་རབས་བཟང་སྤྱོད་དུ།།
གནས་ནས་བྱིས་པར་མིག་དཔེ་སྟོན།།
བཅོས་མ་མིན་པའི་བྱམས་བརྩེ་ནི།།
བྱིས་པར་རྒྱུན་དུ་སྟོན་པར་མཛོད།།
རིག་གནས་སྤྱི་ཚོགས་མི་མཐུན་པའི།།
བྱིས་པ་གཞན་དང་འགྲོགས་པར་བྱ།།
དར་མ་རྣམས་དང་རང་དབང་དུ།།
བྱིས་པ་འགྲོགས་པའི་མྱོང་གོམས་སློབས།།
བུ་ཁྱོད་སྙིང་རྗེ་ཡིད་འོང་ཕྱིར།།
ང་ཡག་ང་ཡུས་མ་ཟེར་ཟེ།།
བྱིས་པ་ནར་མ་སོན་དུས་ནས།།
དཔེ་ཆ་ཀློག་པའི་གོམས་གཤིས་སློབས།།
ཁང་བ་གཅིག་གམ་གྲུ་ཞིག་ནི།།
བྱིས་པའི་རྩེད་འཇོ་རྩེ་ས་བྱོས།།
དབྱུག་བསྐྱུར་དངོས་རོ་དུག་མེད་དག།
བྱིས་པའི་རྩེད་ཆས་བྱེད་དུ་ཆུགས།།
ཁྱིམ་གྱི་ལས་དང་ལྟ་སྐོར་ལ།།
བྱིས་པ་རྟག་ཏུ་འཇུག་པར་བྱ།།
བྱིས་པའི་ཤེས་འཇོན་ནུས་གསུམ་ནི།།
ཡང་དག་ཚུལ་བཞིན་སྤྱོད་པ་སློབ།།
བྱིས་པ་འགྲོ་འདོད་ཆེ་བའི་སར།།
གྲོགས་པོའི་ཚུལ་གྱིས་རྩེད་མོར་སོང་།།
བྱིས་པས་ཅི་ཙམ་ནུས་པ་དེ།།
རང་ནུས་ཅི་ལྕོགས་བྱེད་པར་མཛོད།།
ལན་རེར་བྱིས་པའི་བྲིས་མ་རྣམས།།
བཤམ་དུ་ཆུགས་ལ་གཟེངས་བསྟོད་གྱིས།།
བྱིས་པའི་གསར་གཏོད་ལ་ཕན་ན།།

གཅོལ་ནས་བརྡལ་ཀྱང་མ་སྡིགས་ཤིག།
བྱིས་པའི་ལས་ཀ་འཆར་འགོད་དང་།།
དེ་འགྲུབ་པ་ཡི་རོགས་རམ་གནོངས།།
སྦྱོང་ཚན་བྲིས་ནོར་སོང་བ་རྣམས།།
བུ(བུ་མོ)་དང་མཉམ་དུ་དག་བཅོས་བྱོས།།
བྱིས་པས་ནོར་འཁྲུལ་ཅི་བཟོས་ཀྱང་།།
བཞད་འཕྱ་ཧབ་དགོད་བྱེད་པ་གཟོབས།།
བྱིས་པས་བསྒྲུབས་པའི་དོན་རྣམས་ལས།།
གང་རུང་བདམས་ནས་བསྔགས་བརྗོད་ཀྱིས།།
ཅི་ཞིག་བྱ་དང་ཇི་ལྟར་བྱེད།།
བྱིས་པར་ཐག་གཅོད་བྱེད་དབང་བྱིན།།
བྱིས་པས་མ་འཇོན་མ་ནུས་ཚེ།།
མཐོང་ཆུང་རྩིས་མེད་མ་བྱེད་ཅིག།
བྱིས་པས་གང་དང་ཅི་དྲིས་ཀྱང་།།
སུན་སྣང་མེད་པར་དྲིས་ལན་ཐོབས།།
བྱིས་པས་ལྟ་ཚུལ་ཅི་བརྗོད་པ།།
ནན་གྱིས་ཡིད་འཇོག་ལྟ་སྟངས་མཛོད།།
བྱིས་པས་སྙན་ངག་བློར་འཛིན་དང་།།
གཏམ་བཤད་གླུ་ལེན་བསྟོད་ར་གྱིས།།
བྱིས་པས་གནད་དོན་ངོས་འཛིན་དང་།།
དེ་ཉིད་ཐག་གཅོད་བྱེད་པར་སྐུལ།།
རྣམ་དག་མིན་དང་དོན་མེད་དུ།།
བྱིས་པས་འུད་ཀྱིས་བསྟོད་མི་བྱ།།
ཕ་མ་དང་ནི་བྱིས་པའི་བར།།
དོན་དག་ཡོད་ཚད་གྲོས་བསྡུར་གྱིས།།
ཁྱོད་ནི་གཞན་ལ་མི་དོ་ཞེས།།

བྱིས་པར་ནམ་ཡང་བརྗོད་མི་བྱ།།
ཉེར་མཁོའི་དེབ་དང་རི་མོ་སོགས།།
བླུས་ནས་བྱིས་པའི་མོས་པ་བསྐྱེད།།
བྱིས་པའི་གམ་དུ་དུས་བཅད་ལྟར།།
སྒྲ་དག་གསལ་བའི་ཀློག་འདོན་ཞུས།།
བྱིས་པར་འཆར་སྒོ་མང་བ་དང་།།
གཏམ་རྒྱུད་སྒྲིག་པའི་གཞེན་སྐུལ་གསོལ།།
བྱིས་པ་སྒེར་གྱི་རེ་འདོད་ནི།།
བཅོས་མིན་བརྩི་འཇོག་ཡོད་པ་གྱིས།།
ཉི་མ་རེ་ལ་ཁོམ་ལོང་རེ།།
བཙལ་ནས་བྱིས་པར་ཁ་བརྡ་བྱོས།།
མཚང་འབྲུ་བ་དང་དམའ་འབེབས་ཀྱིས།།
བྱིས་པར་ཉེས་ཆད་གཅོད་མི་བྱ།།
བྱིས་པ་རང་གི་གནད་དོན་ནི།།
རང་གིས་བསམ་བློ་གཏོང་བར་སྐུལ།།
ཚོད་ལྟའི་འཆར་གཞི་ཞིབ་ཏུ་བཟོ།།
བྱིས་པར་དོན་དངོས་རྟོགས་གྲོགས་མཛོད།།
བྱིས་པ་གཞན་དང་མི་མཚུངས་པའི།།
རང་གཤིས་ཅན་ཞིག་སྐྱོང་གྲོགས་མཛོད།།
བརྙན་འཕྲིན་ལེ་ཚན་བལྟ་རིན་ཅན།།
བསྔོགས་ནས་བྱིས་པར་བལྟ་རུ་ཆུགས།།
བྱིས་པ་རང་ལས་གཞན་ལ་ནི།།
བརྟེན་རྒྱུ་མེད་པའི་བསླབ་པ་གནོངས།།
བྱས་པའི་ལས་ལ་འབྲས་མེད་ཀྱང་།།
བྱིས་པ་རང་ལ་བྱེད་དུ་ཆུགས།།
བྱིས་པ་བློ་དང་ལྡན་པའི་ཕྱིར།།
བླང་དོར་ཤེས་པར་ཡིད་ཆེས་མཛོད།།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།