ག་བ་གཉིས་རྗེས་འཇུག་གི་ཕོ་ཡིག་དང་མིང་གཞིའི་མོ་ཡིག་ཡིན་པ་འདྲ་ཡང་། ག་མཐའ་ཡང་འཇུག་ཅན་སྐྱེས་བུ་རབ་དང་བ་མཐའ་ཡང་འཇུག་ཅན་སྐྱེས་བུ་འབྲིང་ཡིན་པའི་རྒྱུ་མཚན་ཅི་ཡིན།

སྤེལ་མཁན། Jzschool ཡོངས་ཁུངས། ཤེས་རབ་རྒད་པོའི་འབེལ་གཏམ། རྡེབ་ཚད། སྤེལ་དུས། 10/03/06

           སྤྱིར་རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ལ་མཁས་པ་རྣམས་ལ་བཞེད་ཚུལ་མི་མཐུན་པ་མང་མོད། པཎ་ཆེན་སི་ཏུས་ག་མཐའ་སའི་ཡང་འཇུག་ཅན་ནི་སྒྲ་ཧ་ཅང་དྲག་པ་མངོན་སུམ་གྱིས་གྲུབ་པའི་སྐྱེས་བུ་རབ་དང་། བ་མཐའ་སའི་ཡང་འཇུག་ཅན་ནི་དེ་ལས་ཅུང་ཞན་པ་མངོན་སུམ་གྱིས་གྲུབ་པས་སྐྱེས་བུ་འབྲིང་དུ་བཞག་པ་སྟེ། དཔེར་ན། སྒྲགས་དང་སྒྲུབས། སྟགས་དང་སྟབས་ཞེས་སྨྲ་བརྗོད་དག་པ་དག་གིས་བརྗོད་ཚེ་རིམ་པ་བཞིན་བརྗོད་པའི་རླུང་ཤུགས་ལ་ཆེ་ཆུང་དང་། སྒྲ་གདངས་ལ་དྲག་ཞན་ཡོད་པ་མངོན་སུམ་གྱིས་རྟོགས་ནུས་པ་ལྟ་བུས་མཚོན་པར་བྱའོ།། སྐབས་འདིར་མཁས་པ་གཞན་གིས་དོགས་སློང་གནང་བ་དང་། སྤྱིར་རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ལ། དྲག་པ་གསུམ་ཉིད་ནང་ཕྲད་དམ། ཞེས་སོགས་དང་སྦྱོར་སྐབས་སི་ཏུའི་ལུགས་ཅུང་བཙན་སྦྱོར་གྱི་ཉམས་ཡོད་པར་གསུངས་པ་ཡང་བདེན་པ་འདྲ་སྟེ་དཔྱད་པར་བྱའོ།། ལན་འདེབས་མཁན་བཤད་སྒྲུབ་རྒྱ་མཚོ་ཡིན།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།