བཟོ་པས་ལྕགས་ལ་རྩི་བཏང་ཞེས་པ་ལྟ་བུར་མཚོན་ན། བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་ཇི་ལྟར་དགར་བ་དང་། བྱེད་འབྲེལ་ལས་ཚིག་གི་དུས་འདས་པ་དང་སྐུལ་ཚིག་གཉིས་དཔོས་པོ་བདག་གཞན་གྱི་ཁོངས་སུ་ཇི་ལྟར་བསྡུ་དགོས།

སྤེལ་མཁན། Jzschool ཡོངས་ཁུངས། ཤེས་རབ་རྒད་པོའི་འབེལ་གཏམ། རྡེབ་ཚད། སྤེལ་དུས། 10/03/06

         བཟོ་པས་ལྕགས་ལ་རྩི་བཏང་ཞེས་པ་ལྟ་བུར་མཚོན་ན། བཟོ་པ་ནི་རྩི་གཏོང་བ་པོ་ཡིན་པས་བྱེད་པ་པོ་དང་། ལག་ཆ་དང་རྩོལ་བ་སོགས་ནི་རྩི་གཏོང་བྱེད་ཡིན་པས་བྱེད་པ་སྟེ་ཤུགས་བསྟན།། ལྕགས་ནི་བྱ་བ་བྱེད་སའི་ཡུལ་ལམ་གཞི་དང་། ལ་ནི་རྣམ་དབྱེ་གཉིས་པའི་ཕྲད་དང་། རྩི་ནི་བྱ་བ་སྒྲུབ་པའི་ཡུལ་ཏེ་ལས་ཀྱི་དངོས་པོ་དང་། བཏང་ནི་བྱ་བ་སྟེ་བཏང་ཟིན་པ་དུས་འདས་པ་སྟོན་པ་ཡིན་ནོ།། བདག་གཞན་དུ་དབྱེ་ཚེ་རྩི་གཏོང་བ་བོ་བཟོ་པ་དང་དེའི་རྩོལ་བ། དེ་དང་འབྲེལ་བའི་བྱེད་པའི་ལས་རྣམས་ལ་དངོས་པོ་བདག་ཅེས་བྱ་ཞིང་། གཏང་བའི་རྩི་དང་བཏང་བའི་བྱ་བ་དང་དེ་དང་འབྲེལ་བའི་བྱ་བའི་ལས་རྣམས་ལ་དངོས་པོ་གཞན་ཟེར་རོ།། འདིའི་བདག་གི་ཁོངས་སུ་གཏོགས་པ་རྣམས་དུས་ད་ལྟ་བ་དང་། གཞན་གྱི་ཁོངས་སུ་གཏོགས་པ་རྣམས་དུས་མ་འོངས་པར་བསྡུ་ལ། འདི་ཡང་བདག་གཞན་ལས་ཀྱི་དུས་ད་ལྟ་བ་དང་མ་འོངས་པ་ལས་དུས་ཀྱི་དུས་ད་ལྟ་བ་དང་མ་འོངས་པ་མིན་ཚུལ་ཤེས་དགོས་ཏེ། རྩི་གཏོང་བ་པོ་སོགས་བྱེད་ཚིག་གི་གཏོང་དང་། རྩི་གཏོང་བཞིན་པ་ཞེས་པའི་དུས་ད་ལྟ་བ་སྟོན་པའི་ལས་ཚིག་གཏོང་གཉིས་འདྲ་བ་དང་། གཏང་བྱའི་རྩི་ཞེས་པའི་བྱ་ཚིག་གི་གཏང་དང་། རྩི་གཏང་འགྱུར་ཞེས་པའི་མ་འོངས་པའི་ལས་ཚིག་གཏང་གཉིས་འདྲ་བ་ལ་དགོངས་ནས་དུས་ཀྱི་མིང་བཏགས་པ་ཙམ་ཡིན་པའི་ཕྱིར་རོ།། གཞན་ཡང་། བྱེད་འབྲེལ་ལས་ཚིག་གི་དུས་ད་ལྟ་བ་ནི་བདག་གི་ཁོངས་སུ་བསྡུ་བ་ཡང་། དེ་དག་དངོས་པོ་བདག་དང་གཞན་དངོས་མ་ཡིན་པར་བྱ་བ་སྒྲུབ་པ་པོ་ཞེས་པའི་དངོས་པོ་བདག་སྟོན་པའི་ལས་ཚིག་སྒྲུབ་དང་། སྒྲུབ་བཞིན་པ་ཞེས་པའི་དུས་ད་ལྟ་བ་སྟོན་པའི་ལས་ཚིག་སྒྲུབ་དང་། སྒྲུབ་བཞིན་པ་ཞེས་པའི་དུས་ད་ལྟ་བ་སྟོན་པའི་ལས་ཚིག་སྒྲུབ་གཉིས་འདྲ་བ་དང་། བསྒྲུབ་བྱའི་བྱ་བ་ཞེས་པའི་དངོས་པོ་གཞན་སྟོན་པའི་ལས་ཚིག་བསྒྲུབ་དང་། བྱ་བ་བསྒྲུབ་འགྱུར་ཞེས་པའི་དུས་མ་འོངས་པ་སྟོན་པའི་ལས་ཚིག་བསྒྲུབ་གཉིས་འདྲ་བ་ལ་དགོངས་ནས་དེ་ལྟར་བཏགས་པ་ཙམ་ཡིན་ནོ།། སྐབས་འདིར་དེ་ལྟར་བཏགས་པའི་དགོས་པ་ནི་ལས་ཚིག་འདུམ་བདེ་བའི་ཆེད་ཡིན་པར་ཤེས་པར་བྱ་ལ། འོ་ན་འདས་པ་དང་སྐུལ་ཚིག་གང་དུ་བསྡུ་ཞེ་ན། བྱ་བ་གང་ཞིག་ཡིན་རུང་བསྒྲུབས་ཟིན་པའི་རྗེས་ཤུལ་ནི་བྱེད་པ་པོ་སོགས་ཀྱི་སྟེང་ནས་མངོན་པས་གཞན་གྱི་ཁོངས་སུ་བསྡུ་བ་ཡིན་ཏེ། དཔེར་ན། ཞིང་ལ་ས་བོན་བཏབ་ཅེས་པ་ལྟ་བུར་ས་བོན་བཏབ་ཟིན་པའི་རྗེས་ཤུལ་ནི་འདེབས་མཁན་སོགས་ཀྱི་སྟེང་ནས་མངོན་པ་ལྟ་བུའོ།། སྐུལ་ཚིག་ནི་དལྟ་བ་དང་དངོས་པོ་བདག་གི་ཁོངས་སུ་བསྡུ་དགོས་ཏེ། སྐུལ་བྱེད་ཀྱི་ཚིག་ཅེས་པ་བསྡུས་ནས་སྐུལ་ཚིག་ཏུ་གྱུར་པ་ལས་བསྐུལ་བྱའི་ཚིག་ཅེས་སྦྱོར་མི་རུང་བའི་ཕྱིར་རོ།། དེས་ན་འདི་ལ་སྔོན་འཇུག་འབྲི་བ་དང་མི་འབྲི་བའི་སྲོལ་གཉིས་ཡོད་པ་ལས་ཕྱི་མ་འཐད་པར་ཤེས་པར་བྱའོ།། ༼ལན་འདེབས་མཁན་བཤད་སྒྲུབ་རྒྱ་མཚོ།༽

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།