བཞུགས་པ་པོའམ་བྱེད་པ་པོར་བཞུགས་བྱའི་དངོས་པོ་ཞེས་བྲིས་ན་འགྲིག་གམ་མི་འགྲིག

སྤེལ་མཁན། Jzschool ཡོངས་ཁུངས། ཤེས་རབ་རྒད་པོའི་འབེལ་གཏམ། རྡེབ་ཚད། སྤེལ་དུས། 10/03/06

       སྐབས་འདིའི་བཞུགས་པ་པོ་དེ་ཉིད་བཞུགས་པར་བྱ་རྒྱུའི་ལས་ཀྱི་དངོས་པོའམ་དངོས་པོ་གཞན་ཡང་ཡིན་པ་ལྟ་བུར་སྟོན་པའི་ཚིག་དེང་དུས་ཀྱི་མཁས་པའི་གསུང་ནའང་སྣང་མོད། སྐབས་འདིར་ངེས་པར་ཤེས་དགོས་པ་ནི། བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་དོན་དེ་ཉིད་ཡིན་ལ། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ལ་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཞེས་དང་། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་སྒྲུབ་པ་མིན་པར་རང་གི་ངང་གིས་འགྲུབ་པར་སྣང་བ་ལ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཞེས་པ་ཡིན་ཞིང་། བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་གཞན་དེ་ནི་བྱེད་པ་པོ་ལས་གཞན་པའི་ལས་ཀྱི་དངོས་པོ་སྟེ་དངོས་པོ་གཞན་ལ་གོ་མི་རུང་བར་བྱེད་པ་པོ་ཁོ་རང་ལ་གོ་དགོས་པས། འདིའི་བཀྲ་ཤིས་ལ་བྱེད་པོའི་མིང་ཙམ་འདོགས་ན་མ་གཏོགས་བྱེད་པོ་གཞན་དང་འབྲེལ་ཞེས་པའི་བྱེད་པ་པོ་དངོས་མིན་ནོ།། དེ་བཞིན་སྐབས་འདིའི་བཀྲ་ཤིས་ལ་བཞུགས་བྱ་ཞེས་པའི་མིང་ཙམ་ཡང་འདོགས་མི་རུང་ཞེས་པ་མིན་ཡང་། དེ་ལྟར་བཤད་ན་བྱེད་པོ་གཞན་དང་འབྲེལ་མིན་གོ་བ་ལ་དགོས་པ་མེད་པར་མ་ཟད། ལས་དང་པོ་བ་རྣམས་བློ་གྲོས་རྙོག་པའི་རྒྱུར་འགྱུར་བའི་ཕྱིར་དེ་ལྟར་མ་བྲིས་ན་བཟང་སྙམ། འོན་ཀྱང་བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་གཞན་དང་། བདག་གཞན་ལས་གསུམ་གྱི་གཞན་གཅིག་ཏུ་མི་འཁྲུལ་བ་གནད་དམ་པ་ཡིན་ནོ།། ༼ལན་འདེབས་མཁན་བཤད་སྒྲུབ་རྒྱ་མཚོ་ཡིན།༽

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།